logo དམངས་ཕན་ཞབས་ཞུ། ཞིབ་ཕྲའི་གནས་གནས་ཚུལ།

འཚོ་བའི་གོམས་གཤིས་མི་ལེགས་པ་བཅུ།

2018-09-27 09:49མཚོ་སྔོན་བོད་སྐད་དྲ་བ། རྩོམ་པ་པོ།:

1.གཟའ་འཁོར་རེར་དུས་གཏན་འཁེལ་སྒོས་ལུས་ཕུང་སྦྱོང་བརྡར་བྱེད་པའི་གོམས་སྲོལ་མེད་པ།

2.ཆམ་ནད་དང་ཁོག་པ་བཤལ་བ། ཕོ་བ་ན་བ་སོགས་ནད་རིགས་ཆུང་ངུར་སྨན་ཁང་དུ་འགྲོ་བའི་གོམས་སྲོལ་མེད་པར་བཟོད་བསྲན་བྱས་ནས་འདུག་པ།

3.རྒྱུན་དུ་ནངས་ཆུ་མི་འཐུང་བ།

4.རྒྱུན་པར་གནས་གཅིག་ཏུ་ཙོག་ནས་མི་འགུལ་པ།

5.དགོང་རྒྱུན་དུ་དུས་ཚོད་བཅུ་གཉིས་ཀྱི་རྗེས་སུ་ཉལ་ནས་གཉིད་གཅོག་པ།

6.ཟས་ཐུན་གསུམ་པོ་དུས་ལྟར་དུ་མི་ཟ་བ།

7.ལུས་ཀྱི་ཚོ་བྱང་བར་དམིགས་ནས་ཟས་ཉུང་ཙམ་ཟ་བ།

8.སིལ་ཏོག་དང་སྔོ་ཚོད་གསར་བའི་རིགས་དེ་འདྲ་མི་ཟ་བར་སྣུམ་བཙོས་ཟས་རིགས་ཟ་རྒྱུར་དགའ་བ།

9.བྱ་བའི་འགན་ཁུར་ལྗིད་པས། སེམས་ཁམས་ཡུན་རིང་དུ་ལྷོད་ལ་འབབ་མི་ཐུབ་པ།

10.ཉིན་རེར་དུས་ཚོད་དྲུག་ཡན་ལ་གློག་ཀླད་ཀྱི་མདུན་དུ་བྱ་བ་སྒྲུབ་པ་བཅས་རེད།

      ང་ཚོ་མི་རེ་རེར་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་རེ་ཆགས་ཡོད་ལ། འཚོ་བའི་གོམས་གཤིས་དེ་དག་ལས་གང་དག་ལེགས་པ་དང་གང་དག་མི་ལེགས་པའི་གནད་དོན་སྐོར་ལ་ང་ཚོ་སུས་ཀྱང་ཞིབ་ཏུ་བསམ་བློ་བཏང་མ་མྱོང་། འོན་ཀྱང་མི་ཧ་ཅང་མང་པོ་ཞིག་གི་རྒྱུན་འབྱམས་སུ་གྱུར་བའི་འཚོ་བའི་གོམས་གཤིས་ངན་པས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ལ་ཐད་ཀར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད། མིག་སྔར་འབྲེལ་ཡོད་མི་སྣས་་གྲོང་ཁྱེར་གྱི་སྡོད་དམངས་མི་སུམ་ཅུ་ཙམ་གྱི་འཚོ་བའི་གོམས་གཤིས་ལ་རྒྱུས་ལོན་བྱས་པར་མ་ཟད། དེ་དག་གི་འཚོ་བའི་གོམས་གཤིས་མི་ལེགས་པ་ལས་ལུས་ཕུང་བདེ་ཐང་ལ་གནོད་འཚེ་གང་དག་ཡོད་པའི་སྐོར་ཆེད་མཁས་པ་གདན་དྲངས་ནས་དབྱེ་ཞིབ་བྱས་པ་གཤམ་གསལ་ལྟར།

      རྒྱུས་ལོན་བྱུང་བ་ལྟར་ན། ན་གཞོན་རྣམས་ཀྱིས་འཚོ་བའི་ཆོས་ཉིད་ལ་མཐོང་ཆེན་མི་བྱེད་པ་རེད།

      ལོ་བཅོ་བརྒྱད་ནས་སུམ་ཅུ་བར་གྱི་མིའི་ཁྲོད་འཚོ་བའི་གོམས་གཤིས་མི་ལེགས་པའི་གནས་ཚུལ་ཧ་ལམ་ཚང་མར་གནས་པར་མ་ཟད། གོམས་གཤིས་དེ་དག་རྒྱུན་འབྱམས་སུ་གྱུར་ཡོད་ནའང་ཁོ་ཚོར་དེང་སྐབས་ད་དུང་ལུས་ཕུང་བདེ་ཐང་ལ་གནོད་པ་ཡོད་པའི་ཚོར་སྣང་ཅི་ཡང་མེད། དེ་ལས་ལྡོག་སྟེ་ལོ་ཞེ་གཅིག་ནས་ལྔ་བཅུ་བར་གྱི་མི་ལ་བརྟག་དཔྱད་བྱས་པ་ལྟར་ན། དེ་དག་གིས་འཚོ་བའི་ཆོས་ཉིད་ལ་ཅུང་ཟད་བསྟུན་བཞིན་འཚོ་བའི་གོམས་གཤིས་ལེགས་པོ་ཞིག་གིས་ལུས་གསོ་སྨན་རྫས་ལས་ཀྱང་ལྷག་པའི་ནུས་པ་ཆེན་པོ་ཐོན་ཐུབ་པའི་གནས་ལུགས་དེ་ཤེས་བཞིན་ཡོད། ལོ་སོ་གཅིག་ནས་བཞི་བཅུ་བར་གྱི་མིས་ཀྱང་འཚོ་བའི་གོམས་གཤིས་འགའ་རེ་མི་ལེགས་པ་དེ་ཤེས་བཞིན་ཡོད་ནའང་། བྱ་བར་བྲེལ་བ་ཆེ་བའམ་ཡང་ན་གོམས་གཤིས་དེ་དུས་ཡུན་རིང་བོར་རྒྱུན་འབྱམས་སུ་གྱུར་བས་དེ་མ་ཐག་བསྒྱུར་ཐུབ་ཀྱིན་མེད།

      རྒྱུས་ལོན་བྱས་པ་ལས། སེམས་ཁམས་ཡུན་རིང་དུ་ལྷོད་ལ་འབབ་མི་ཐུབ་པ་དང་། ནད་རིགས་ཆུང་ཆུང་བྱུང་ན་སྨན་ཁང་དུ་མི་འགྲོ་བ། སིལ་ཏོག་དང་སྔོ་ཚོད་གསར་བའི་རིགས་དེ་འདྲ་མི་ཟ་བར་སྣུམ་བཙོས་ཟས་རིགས་ཟ་རྒྱུར་དགའ་བ། རྒྱུན་དུ་ནངས་ཆུ་མི་འཐུང་བ། ཟས་ཐུན་གསུམ་པོ་དུས་ལྟར་མི་ཟ་བ་བཅས་ལྔ་ནི་འཚོ་བའི་གོམས་གཤིས་མི་ལེགས་པ་བཅུ་ལས་ཅུང་ཚབས་ཆེར་སྣང་བར་མ་ཟད། དེ་དག་ཀྱང་ལོ་བཅོ་བརྒྱད་ནས་སུམ་ཅུ་བར་གྱི་ན་གཞོན་རྣམས་ལ་གནས་ཚད་ཆེས་མཐོ།

      སེམས་ཁམས་ཡུན་རིང་དུ་ལྷོད་ལ་འབབ་མ་ཐུབ་ན་ནད་སྣ་ཚོགས་ཤིག་སློང་སྲིད། སེམས་ཁམས་ལྷོད་ལ་འབབ་མི་ཐུབ་པའི་གནས་ཚུལ་དེ་དེང་སྐབས་མི་ཚང་མར་ཅུང་ཡོངས་ཁྱབ་ཏུ་འབྱུང་བཞིན་ཡོད་ཅིང་དེ་ནི་གཙོ་བོ་བྱ་བའི་སྟེང་གི་གནོན་ཤུགས་ལས་བྱུང་བ་རེད། གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་སེམས་ཁམས་བློ་འདྲིའི་ཚན་ཁག་གི་སྨན་པ་ཧྲི་ཅིན་ཅེ་ཡིས་བཤད་རྒྱུར། སེམས་ཁམས་དུས་ཡུན་རིང་བོར་ལྷོད་ལ་འབབ་མ་ཐུབ་ན་སེམས་ཁམས་ཀྱི་ནད་རིགས་སྣ་ཚོགས་ཤིག་སློང་སྲིད་པར་མ་ཟད། ད་དུང་ལུས་སྟེང་གི་སྐུལ་རྒྱུའི་ཟགས་ཐོན་དོ་མཉམ་མིན་པ་དང་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་སྣང་ཚུལ་འབྱུང་དུ་འཇུག་སྲིད། ལྷག་པར་དུ་ན་གཞོན་བུད་མེད་རྣམས་ལ་སེམས་ཁམས་ཀྱི་ཕོག་ཐུག་ཅུང་ཙམ་བྱུང་ཚེ། ཨོལ་གོང་གཤེར་རྨེན་གྱི་བྱེད་ལས་རྒྱས་ཐལ་ནད་འབྱུང་སླ། དེ་བས་མི་རྣམས་ཀྱིས་སེམས་ཁམས་བཟང་པོ་སྲུང་འཛིན་བྱས་ནས་རང་ཉིད་ཀྱི་སེམས་ཁུར་ཇེ་ཡང་དུ་བཏང་ན། ནད་རིགས་གང་མང་ཞིག་སྔོན་འགོག་བྱེད་ཐུབ།

      ནད་ཆུང་ཆུང་བྱུང་ན་སྨན་ཁང་དུ་མི་འགྲོ་བར་འགོར་འགྱངས་སུ་གཏོང་བ། ལྷག་པར་སྐྱེས་པ་རྣམས་ཀྱིས་ནད་ཆུང་ཆུང་ཞིག་བྱུང་ན། ཅུང་ཙམ་བཟོད་བསྲན་བྱས་ཚེ་དྲག་འགྲོ་བར་འདོད་བཞིན་ཡོད། དེ་བས་མི་མང་པོ་ཞིག་གིས་ནད་གཞི་ཆུང་བའི་དུས་སུ་སྣང་མེད་དུ་བསྐྱུར་ནས་གསོ་བཅོས་མི་བྱེད་པས། ཡུན་གྱིས་ནད་གཞི་ཆེན་པོར་གྱུར་བ་རེད། ཧི་ནན་ཚན་རྩལ་སློབ་གླིང་གི་ཟུར་གཏོགས་སྨན་ཁང་དང་པོའི་ཁོང་ནད་ཚན་ཁག་གི་ཀྲུའུ་རིན་ལིས་ཀྲིན་པེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱུན་མཐོང་གི་ནད་རིགས་ཆུང་ཆུང་ཁ་ཤས་ཤིག་གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མི་བྱེད་པར་ནད་བབས་འགོར་འགྱངས་སུ་བཏང་ན། ནད་རིགས་ཆེན་པོར་འགྱུར་སྲིད། ནད་གཞི་དེ་ཡང་དང་ཡང་དུ་འབྱུང་བའམ་ཡང་ན་སྨན་འཐུང་ཡང་ཕན་ཐོགས་ཆེན་པོ་མེད་ཚེ། མྱུར་དུ་སྨན་ཁང་ལ་སྟོན་དུ་འགྲོ་དགོས་ཟེར།

      སྔོ་ཚོད་ཀྱི་རིགས་མང་ཙམ་ཟ་དགོས། སྔོ་ཚོད་ཀྱི་ནང་དུ་འཚོ་རྒྱུ་བེ་ཧྲིན་སུའུ་དང་གཏེར་རྒྱུ་བཅས་ཕུན་སུམ་ཚོགས་པ་འདུས་པས་རྒྱུ་ལམ་ཇེ་ཡང་དང་རྩ་ཇེ་སྙི་རུ་གཏོང་ཐུབ་ཅིང་། མིའི་ལུས་སྟེང་དུ་མཁོ་བའི་ཚད་ཉུང་མ་རྒྱུ་མཁོ་འདོན་བྱེད་ཐུབ། སྔོ་ཚོད་དང་སིལ་ཏོག་གི་རིགས་ཟ་ཚད་ཉུང་ན་ལུས་སྟེང་དུ་འཚོ་རྒྱུ་བེ་ཧྲིན་སུའུ་ཉུང་བའི་ནད་རྟགས་འབྱུང་སྲིད་དེ། དཔེར་ན། ནག་ཞར་དང་ཁའི་ནང་དུ་རྨ་འབུད་པ། ཁྲག་རྒུད་ནད་ལྟ་བུ། དེ་བས་རབ་ཡིན་ན་མི་རེས་ཉིན་རེར་སྔོ་ཚོད་རྒྱ་མ་གང་རེ་ཟོས་ན་འགྲིག

      ནངས་ཟས་ལ་དོ་སྣང་བྱེད་དགོས། ནངས་མོར་འཚོ་བཅུད་ལྡན་པའི་བཟའ་བཏུང་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ། ཡིན་ནའང་མི་མང་པོར་ནངས་ཇ་མི་འཐུང་བ་དང་ཡང་ན་ནངས་ཟས་ངན་ངོན་བསྟེན་པའི་གོམས་སྲོལ་ལོབས་ཡོད་། དེ་ལྟར་བྱས་ན་མི་འགྲིག་ཏེ། ཞག་གང་བོར་ཕོ་བའི་ནང་གི་ཟས་ཞུ་ནས་སྟོང་བར་གྱུར་ཡོད་པས། ཕྱི་ཉིན་ནངས་མོར་ནངས་ཟས་མ་ཟོས་ན། ཕོ་སྐྱུར་ལངས་ནས་ཕོ་བ་སྨུག་པོའི་ནད་སོགས་འཇུ་ལམ་གྱི་ནད་རིགས་འབྱུང་སྲིད།

      ཟས་ཐུན་གསུམ་པོ་དུས་ལྟར་མ་ཟོས་ན་ཕོ་བར་གནོད་སྲིད། བྱ་བར་བྲེལ་བ་ཆེ་བའི་དབང་གིས་མི་མང་པོ་ཞིག་གིས་ཟས་ཐུན་གསུམ་པོ་དུས་ལྟར་ཟ་ཐུབ་ཀྱིན་མེད། དགོང་ཇ་འཐུང་འཕྱི་བའམ་ཡང་ན་མང་བཟའ་མང་འཐུང་བྱས་རྗེས་ཐད་ཀར་དུ་མལ་དུ་གཉིད་པ་བཅས་བྱེད་ཀྱིན་ཡོད། དེ་ལྟར་བྱས་ཚེ་རང་ཉིད་ཀྱིས་ངལ་གསོ་བྱས་ཡོད་ཀྱང་ཕོ་བས་ཟས་འཇུ་མ་ཐུབ་པར་དཀའ་ལས་གང་མང་རྒྱག་བཞིན་ཡོད་པ་རེད། དེ་བས་དུས་ཡུན་རིང་བོར་ཆོས་ཉིད་མེད་པའི་སྒོ་ནས་བཟའ་བཏུང་བསྟེན་ན། འཇུ་ལམ་གྱི་ནད་དང་གཅིན་སྙིའི་ནད་བཅས་འབྱུང་སྲིད།

      མི་དར་མ་རྣམས་ལུས་ཕུང་སྦྱོང་བརྡར་བྱེད་པར་མི་དགའ་བ།

      འཚོ་བའི་གོམས་གཤིས་མི་ལེགས་པ་བཅུ་ལས་མཇུག་མཐའི་ལྔ་ནི། ལུས་ཕུང་སྦྱོང་བརྡར་མི་བྱེད་པ་དང་། གཉིད་ཀྱིས་མི་འདང་བ། གནས་གཅིག་ཏུ་ཡུན་རིང་ཙོག་ནས་མི་འགུལ་བ། གློག་ཀླད་ཀྱི་མདུན་དུ་ཡུན་རིང་འདུག་པ། ཟས་རིགས་གཙོ་བོའི་རིགས་ཟ་ཚད་ཆེས་ཉུང་བ་བཅས་ཡིན། དེ་ལས་ལུས་ཕུང་སྦྱོང་བརྡར་གཏན་ནས་མི་བྱེད་པ་ནི་མི་མང་ཆེ་བར་གནས་པའི་འཚོ་བའི་གོམས་གཤིས་ཤིག་རེད།

ལུས་ཕུང་སྦྱོང་བརྡར་མ་བྱས་ན་ནད་རིགས་གང་མང་འབྱུང་སྲིད། མི་དར་མ་རྣམས་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུར་མི་དགའ་བ་དེ་ནི་གཙོ་བོ་ཁོ་ཚོ་བྱ་བར་བྲེལ་བ་ཆེ་བ་དང་། ལས་ཚོགས་གྲོལ་རྗེས་ད་དུང་ཁྱིམ་དུ་ལོག་ནས་ཁྱིམ་ལས་མང་པོ་ལས་རྒྱུ་ཡོད་པས་ལུས་ཕུང་སྦྱོང་བརྡར་བྱེད་པའི་དུས་ཚོད་ཤིག་གཏན་ནས་མེད་པ་རེད། ཧི་ནན་ཚན་རྩལ་སློབ་གླིང་གི་ཟུར་གཏོགས་སྨན་ཁང་དང་པོའི་སྐྲན་ནད་ཁོང་ནད་ཚན་ཁག་གཉིས་པའི་ཀྲུའུ་རིན་ཀའོ་ཧྲིག་ཀན་གྱིས་བཤད་རྒྱུར། འོས་འཚམས་སྒོས་ལུས་སྦྱོང་བྱས་ན་ལུས་ཀྱི་ཁྲག་འཁོར་སྐྱོད་བྱེད་པར་ཕན་ནུས་བཟང་པོ་ཐོན་ནས་ལུས་སྟོབས་ཇེ་བཟང་དུ་གཏོང་ཐུབ་ཟེར། དེ་ལས་གཞན་ལུས་སྦྱོང་བྱས་ན་མི་ལ་སྟོབས་ཤུགས་ཀྱིས་ཁེངས་པའི་སྣང་བ་སྟེར་ཐུབ་པར་མ་ཟད་ཇེ་གཞོན་དུའང་གཏོང་ཐུབ། ལུས་སྦྱོང་མ་བྱས་ན་སྙིང་ཁམས་ཁྲག་རྩའི་ནད་དང་གཅིན་སྙིའི་ནད། རུས་སོབ་ནད། འབྲས་ནད་སོགས་ནད་རིགས་སྣ་ཚོགས་འབྱུང་སྲིད་ཟེར།

      གཉིད་ཀྱིས་མ་འདང་ན་གཤིས་རྒྱུད་རྩུབ་པོར་འགྱུར་སྲིད། གཉིད་ཀྱིས་མི་འདང་བ་དེའང་གོམས་གཤིས་མི་ལེགས་པའི་གྲས་ཀྱི་གཅིག་རེད། ཉིན་རེར་ཧ་ལམ་དུས་ཚོད་བརྒྱད་ཙམ་ལ་ངེས་པར་དུ་གཉིད་ཐུབ་དགོས། རྒྱུན་དུ་གཉིད་ཀྱིས་མ་འདང་ན། མིའི་སེམས་ཁམས་ལྷོད་ལ་འབབ་མི་ཐུབ་ཅིང་། ལུས་ཀྱི་ནད་འགོག་ནུས་ཤུགས་ཇེ་ཞན་དུ་འགྱུར་བ། གཤིས་ཀ་རྩུབ་པོར་འགྱུར་སྲིད་པར་མ་ཟད། ད་དུང་མིའི་དབང་རྩའི་ནུས་པ་ཇེ་ཞན་དུ་གྱུར་ནས་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་སྲིད།

      གནས་གཅིག་ཏུ་ཡུན་རིང་ཙོག་ནས་འདུག་པ། དེང་སྐབས་ལས་ཚོགས་སུ་འགྲོ་དགོས་པའི་མི་རྣམས་ཞོགས་པར་ལས་ཚོགས་འཚོགས་པ་ནས་གྲོལ་རག་བར་དུ། ཟ་མ་ཟ་བ་དང་། ཆུ་ཁོལ་ལྡུག་པ། སྤྱོད་ཁང་དུ་འགྲོ་བ་བཅས་ཀྱི་སྐབས་སུ་མ་གཏོགས་ཉིན་གང་བོར་ཙོག་ནས་བསྡད་ཡོད་པ་རེད། དེ་ལྟར་དུས་ཡུན་རིང་བོར་གནས་གཅིག་ཏུ་མ་འགུལ་བར་བསྡད་ན་ལུས་ཀྱི་ཁྲག་འཁོར་སྐྱོད་བྱེད་ཚད་ཇེ་དལ་དུ་འགྲོ་བ་དང་ཁྲག་རྩར་གནོད་པ་དང་དེ་ནས་རིམ་གྱིས་ཁོག་སྨད་ཀྱི་སྡོད་རྩར་གནོད་སྐྱོན་ཐེབས་སྲིད། ལྷག་པར་དུ་རྒན་པ་རྣམས་གནས་གཅིག་ཏུ་དུས་ཚོད་གཉིས་ཡན་ལ་ཙོག་ནས་འདུག་མི་རུང་། དེ་དག་ལས་གཞན་ཡུན་རིང་ཙོག་ནས་བསྡད་ན་རྒྱུ་མ་འགུལ་སྐྱོད་བྱེད་ཚད་དལ་བ་དང་སྐེ་ཚིགས་དང་སྒལ་ཚིགས་བཅས་ལའང་གནོད་པ་བཟོ་སྲིད།

      གློག་ཀླད་བཀོལ་ཡུན་རིང་ན་མིག་ལ་གནོད་པ་ཡིན། དེང་སྐབས་བྱ་བ་དང་འཚོ་བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་མི་རྣམས་གློག་ཀླད་དང་ཁ་འབྲལ་ཐབས་མེད་པར་གྱུར་ཡོད། ཉིན་དཀར་ལས་ཚོགས་ཀྱི་སྐབས་སུ་གློག་ཀླད་བཀོལ་དགོས་པ་དང་ལས་ཚོགས་གྲོལ་རྗེས་ཕྱིར་ཡུལ་དུ་ལོག་ནའང་ད་དུང་གློག་ཀླད་དང་ཁ་མི་འབྲལ་ཐུབ་ཀྱིན་མེད། དེ་ལྟར་བྱས་ན་མིག་ལ་གནོད་པ་ཐེབས་སྲིད། མིག་ནད་སྐམ་ཚགས་དང་མིག་ཤེད་ཉམས་སོགས་ཚང་མ་གློག་ཀླད་བཀོལ་ཡུན་རིང་བ་ལས་བསླངས་པ་རེད།

      ཁ་ཟས་ཀྱི་གཙོ་བོ་སྟེ་ཕྱེའི་རིགས་མ་ཟོས་ན་ལུས་ཕུང་ལ་གནོད་པ་ཤིན་ཏུ་ཆེ། བུད་མེད་ལ་ལས་ཚོ་བྱང་དུ་འཇུག་ཆེད། ཉིན་རྒྱུན་ཁ་ཟས་གཙོ་བོའི་རིགས་སྟེ་ཕྱེའི་རིགས་ཉུང་ཙམ་མ་གཏོགས་མི་ཟ་བ་དང་། ཡང་ན་ཉིན་གུང་ཁོ་ནར་ཟ་བ་ལས་ནངས་དགོང་གཉིས་སུ་ཟ་བཞིན་མེད། ཉིན་རེར་ང་ཚོའི་ལུས་སྟེང་དུ་འཚོ་བཅུད་ཆེན་པོ་རིགས་གསུམ་སྟེ་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དང་སྤྲི་དཀར། བེ་ཧྲིན་སུའུ་བཅས་མཁོ་འདོན་བྱེད་དགོས། དེ་ལས་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ཀྱིས་བརྒྱ་ཆའི་ལྔ་བཅུ་ང་ལྔ་ནས་དྲུག་བཅུ་ཟིན་ཡོད། དེ་བས་ཟས་ཀྱི་གཙོ་བོའི་རིགས་སྟེ་ཕྱེའི་རིགས་ཉིན་རེར་ངེས་པར་དུ་ཟ་དགོས། དུས་ཡུན་རིང་བོར་ཕྱེའི་རིགས་མ་ཟོས་ན་རིམ་གྱིས་ལུས་སྟོབས་ཉམས་ནས་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོ་སྲིད། །


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།