logo བོད་ཁུལ་གནས་ཚུལ། ཞིབ་ཕྲའི་གནས་གནས་ཚུལ།

རྒྱལ་ཡོངས་བོད་ཀྱི་གསོ་རིག་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ།

2018-09-12 09:44ཞིན་ཧེ་ཉི་འོད་སྲིད་དོན། རྩོམ་པ་པོ།:

q1.jpg

      9པའི་ཚེས8ནས9ཉིན་གྱི་བར། 2018ལོའི་རྒྱལ་ཡོངས་བོད་ཀྱི་གསོ་རིག་རིག་གནས་དང་སྨན་པ་གྲྭ་ཚང་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་ཚོགས་འདིར་མཚོ་སྔོན་ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ཅུས་དང་། ཞིང་ཆེན་སྨན་རྫས་རིག་གཞུང་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། བྲག་དཀར་རྫོང་བོད་ལུགས་སྨན་ཁང་གིས་སྒྲུབ་འགན་འཁུར་བ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་དུ་རྒྱལ་སྨན་ཆེན་མོའམ་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་མཚན་འཛིན་མགོ་གཙོ་ཨ་ཁུ་ཉི་མ་དང་། ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་རྫས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོའམ་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཨེ་ཚོགས་ཆེན། ཧྭ་ཧྥོ་སློབ་ཆེན་གྱི་འབུམ་རམས་པའམ་བོད་ལྗོངས་བོད་ལུགས་གསོ་རིགས་སློབ་གླིང་གི་སློབ་དཔོན་ཆེན་མོ་གཡང་དགའ། ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པའམ་ཞིང་ཆེན་བོད་ལུགས་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འབུམ་རམས་པ་དོན་གྲུབ། ཧྲན་ཏུང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་སློབ་དཔོན་ཆེན་པོ་ཀྲང་ཞོ་ཞཱ་སོགས་ཆེད་དུ་གདན་འདྲེན་ཞུས་པའི་ཆེད་མཁས་པ9དང་། ཞིང་ཆེན་ཕྱི་ནང་གི་གསོ་རིག་ཆེད་མཁས་པ་དང་། པེ་ཅིན་དང་སི་ཁྲོན། ཀན་སུའུ། ལྷ་ས། དེ་མིན་ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་སོ་སོའི་བོད་ལུགས་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་དང་། ཞིང་ཆེན་ཕྱི་ནང་གི་སློབ་ཆེན་སོ་སོའི་ཆེད་མཁས་པ་དང་དགོན་སྡེ་སོ་སོའི་སྨན་པ་གྲྭ་ཚང་གི་གྲྭ་བཙུན་སོགས240ལྷག་ཐེངས་འདིའི་རིག་གཞུང་བགྲོ་གླེང་དུ་ཞུགས།          

q2.jpg

ཐེངས་འདིའི་ཚོགས་འདིར་བྲག་དཀར་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུས་ཀྱི་ཅུས་ཀྲང་ཆོས་སྒྲོན་སྐྱིད་ཀྱིས་གཙོ་སྐྱོང་བྱས། 

q3.jpg

      རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་བ་དོ་དང་།  ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དོན་གྲུབ། རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་སོགས་ཀྱིས་ཐེངས་འདིའི་ཚོགས་འདུར་ཤིས་ཚིག་ཕུལ།      


      བྲག་དཀར་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བ་དོས་བསྟན་དོན། རང་རྫོང་གི་བོད་ལུགས་གསོ་རིག་ལས་དོན་ནི་བོད་ལུགས་གསོ་རིག་རྒྱུན་འཛིན་དང་། སྲུང་སྐྱོབ། འཕེལ་རྒྱས་བཅས་བརྗོད་དོན་གསུམ་གཞིར་བཟུང་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་དང་བོད་ལུགས་གསོ་རིག་དང་འཚམས་པའི་ལག་རྩལ་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། བོད་ལུགས་གསོ་རིག་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་། རང་རྫོང་གིས་ཐེངས་འདིའི་བགྲོ་གླེང་གི་གོ་སྐབས་ལེགས་པོ་འདི་དང་བསྟུན་ནས་ནན་ཏན་སྒོས་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་མིག་དཔེ་རུ་བཟུང་ནས་བོད་ལུགས་གསོ་རིག་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལོ་རྒྱུས་ལས་འགན་ལྗིད་མོ་ཕྲག་ཏུ་ལེན་དགོས་པའི་རེ་བ་བཏོན།

q6.jpg

     འབུམ་རམས་པ་དོན་གྲུབ་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་བོད་ལུགས་གསོ་རིག་གི་མགོ་ཁུངས་ཀྱི་གྲས་ཡིན་པས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་འཕེལ་རྒྱས་ཀྱི་ཁྱད་ཆོས་དོད་པོ་ལྡན། མིག་སྔར་རང་རེའི་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པ་སོགས་བརྗོད་པར་མ་ཟད། བྲག་དཀར་རྫོང་བོད་ལུགས་སྨན་ཁང་གི་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་བྱས། རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མས་ཨ་མདོ་གསེར་ལག་དགོན་པའི་སྨན་པ་གྲྭ་ཚང་དཔེ་རུ་བཟུང་སྟེ། བོད་བརྒྱུད་ནང་བསྟན་དགོན་པའི་གསོ་རིག་ནི་བོད་ཁུལ་དང་ལྷག་པར་དུ་ནང་སོག་ས་ཁུལ་དུ་དོ་སྣང་བྱེད་བཞིན་ཡོད་པས། རྒྱ་ཆེའི་བོད་ལུགས་གསོ་རིག་གི་སྨན་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་རོགས་སྐྱོར་གྱི་སྲིད་ཇུས་དམ་འཛིན་བྱས་ནས་བོད་ལུགས་གསོ་རིག་འཕེལ་རྒྱས་ཇེ་མགྱོགས་ཇེ་ལེགས་སུ་ཡོང་པའི་དགོངས་འཆར་བཏོན། མགོ་ཚུགས་མཛད་སྒོ་མཇུག་རྫོགས་རྗེས་ཚོགས་ཞུགས་ཆེད་མཁས་པ་རྣམས་བྲག་དཀར་རྫོང་བོད་ལུགས་སྨན་ཁང་གི་སྨན་ལུམས་ཐོག་ཁང་གི་སྒོ་འབྱེད་མཛད་སྒོ་ལ་ཞུགས་པར་མ་ཟད། བྲག་དཀར་རྫོང་བོད་ལུགས་སྨན་ཁང་ལ་ལྟ་སྐོར་བྱས། ཁོང་ཚོས་བོད་ལུགས་སྨན་ཁང་གི་སྨན་བཅོས་ཁོར་ཡུག་དང་དོ་དམ་བྱེད་སྟངས། ལྷག་པར་དུ་སྨན་ལུམས་ཚན་ཁག་གི་འཕེལ་རྒྱས་དང་། བོད་ལུགས་གསོ་རིག་རིག་གནས་འགྲེམས་སྟོན་ཁང་གི་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།     

q7.jpg

    ཐེངས་འདིའི་ཚོགས་འདུའི་སྟེང་དུ་བོད་ལུགས་གསོ་རིག་གི་ཆེད་མཁས་པ23དང་། གཙང་དང་ར་རྒྱ་དགོན་པའི་གྲྭ་བཙུན2བཅས་ཀྱིས་དཔྱད་རྩོམ་སྒྲོག་འདོན་དང་བསམ་ཚུལ་བརྗེ་རེས་བྱས། ཁོང་རྣམ་པའི་དཔྱད་རྩོམ་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཆུ་ཚད་མཐོ་ལ། ཚོགས་ཞུགས་ཆེད་མཁས་པ་སོ་སོས་རང་རང་གི་ཞིབ་འཇུག་ཁྱབ་ཁོངས་ནས་མགོ་བརྩམས་ཏེ་རང་གི་ལྟ་ཚུལ་བརྗོད་ཅིང་བསམ་བློ་བརྗེ་རེས་བྱས་པས་ཚོགས་ཞུགས་པ་རྣམས་ཀྱི་མཐོང་རྒྱ་ཆེ་རུ་བཏང་བ་དང་ཤེས་ཡོན་ཇེ་མཐོར་བཏང་།   དཔྱད་རྩོམ་བགྲོ་གླེང་དང་བཀའ་འདྲིའི་སྐབས་སུ་བོད་ལུགས་སྨན་ཁང་དང་སློབ་ཆེན་སོ་སོའི་ཆེད་མཁས་པ་དག་གིས་བོད་ཁུལ་གྱི་བོད་ལུགས་གསོ་རིག་རིག་གནས་ཀྱི་མ་ལག་འཛུགས་སྐྲུན་གཞིར་བཟུང་ནས་རང་གི་ལྟ་བ་ལྷུག་བརྗོད་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་རེ་བ་གང་མང་བཏོན།

q8.jpg

    ཐེངས་འདིའི་རྒྱང་ཡོངས་བོད་ལུགས་གསོ་རིག་རིག་གནས་དང་སྨན་པ་གྲྭ་ཚང་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བདེ་བླག་ངང་ཚོགས་པ་འདིས།  རང་རྫོང་གིས་བོད་ལུགས་གསོ་རིག་ལས་དོན་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཐོབ་པར་མ་ཟད། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ཅུས། ཞིང་ཆེན་གསོ་རིག་རིག་གཞུང་ལྷན་ཚོགས་སོགས་གོང་རིམ་འབྲེལ་ཡོད་སྡེ་ཁག་དང་། རྒྱལ་ཡོངས་ཀྱི་ཆེད་མཁས་པ་དང་ཆེད་མཁས་མི་སྣས་བྲག་དཀར་རྫོང་གི་བོད་ལུགས་གསོ་རིག་ལས་དོན་ལ་མཐོང་ཆེན་ཆེན་པོ་དང་ཐུགས་ཁུར་བྱས་པ་མཚོན། བགྲོ་གླེང་ཚོགས་འདུའི་སྟེང་ཆེད་མཁས་པ་ཡོངས་ཀྱིས་བྱེད་ཐབས་སྣ་མང་དང་ཐབས་ལམ་མི་འདྲ་བའི་སྒོ་ནས་བོད་ལུགས་གསོ་རིག་རིག་གནས་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས་པས། རང་རྫོང་གི་བོད་ལུགས་གསོ་རིག་རིག་གནས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བར་མ་ཟད། བདེ་ཐང་གི་ཀྲུང་གོ་དང་། བདེ་ཐང་གི་མཚོ་སྔོན། བདེ་ཐང་གི་མཚོ་ལྷོ་སྒྲིག་འཛུགས་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཅིང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཐད་ལ་ནུས་པ་མི་དམན་པ་འཇོག་ངེས།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།