logo ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར། ཞིབ་ཕྲའི་གནས་གནས་ཚུལ།

རྒྱལ་སྤྱིའི་ནོར་ནག་ཚོགས་ཆེན་སྐབས་དྲུག་པ་དང་མཚོ་སྔོན་གྱི་ནོར་ནག་ཐོན་ལས་ཚོགས་ཆེན་སྐབས་དང་པོ་ཟི་ལིང་ནས་བསྡུས།

      ཟླ8པའི28་ཉིན། རྒྱལ་སྤྱིའི་ནོར་ནག་ཚོགས་ཆེན་སྐབས་དྲུག་པ་དང་མཚོ་སྔོན་གྱི་ནོར་ནག་ཐོན་ལས་ཚོགས་ཆེན་སྐབས་དང་པོ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གིས་རྟེན་འབྲེལ་ཞུ་ཡིག་བཏང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཤིས་ཚིག་ཕུལ། ཞིང་ལས་དང་ཞིང་སྡེ་པུའུ་ཡི་འབྲོག་ལས་ཕྱུགས་སྨན་ཅུའུ་དང་། རྒྱལ་ཡོངས་འབྲོག་ལས་སྤྱིའི་ས་ཚིགས། ཞིང་བའི་ཉིན་རེའི་ཚགས་པར་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་ཚོགས་འདུར་ཞུགས།

      ལིག་ཉིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བཤད་རྒྱུར། རྒྱལ་སྤྱིའི་ནོར་ནག་ཚོགས་ཆེན་སྐབས་དྲུག་པ་དང་མཚོ་སྔོན་གྱི་ནོར་ནག་ཐོན་ལས་ཚོགས་ཆེན་སྐབས་དང་པོ་བསྡུ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་མངགས་བཅོལ་ལྟར་དུ། ངས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཚོགས་ཆེན་བདེ་ལེགས་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན། དེ་མིན་ད་དུང་གྲོས་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་དང་ཆེད་མཁས་པ། འགོ་ཁྲིད་བཅས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དགའ་བསུ་དང་སྨོན་འདུན་ཞུས་པ་ཡིན་ཟེར།

ལིག་ཉིང་གིས་བཤད་རྒྱུར། རྒྱལ་སྤྱིའི་ནོར་ནག་ཚོགས་ཆེན་ནི་འཛམ་གླིང་གི་ནོར་ནག་གྲོང་ཁྱེར་དུ་འབོད་པའི་རབ་མཛེས་མཚོ་སྔོན་དུ་བསྡུས་པ་འདིས། འཛམ་གླིང་གི་ནོར་ནག་ཆེད་མཁས་པ་རྣམ་པར་བརྗེ་རེས་འགྲོ་འོང་གི་བརྒྱུད་ལམ་ཆེན་པོ་ཞིག་བཏོད་དེ། འཛམ་གླིང་གི་ནོར་ནག་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འཕར་སྣོན་འབྱུང་བར་སྒུལ་ཤུགས་གསར་བ་བསྩོལ་ངེས་པར་མ་ཟད། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་གར་སྟེགས་ཆེན་པོ་ཞིག་འབྱེད་ངེས་ཡིན་པ་ལས་གཞན། མཚོ་སྔོན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཡར་ལྡན་དུ་སྤེལ་བ་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་དགེ་མཚན་ཆེན་པོ་ལྡན་ཟེར།

      ཝང་ཡུས་པོ་ཡིས་ཤིས་ཚིག་ཁྲོད་བཤད་རྒྱུར། རྒྱལ་སྤྱིའི་ནོར་ནག་ཚོགས་ཆེན་སྐབས་དྲུག་པའི་གོ་སྐབས་དང་བསྟུན་ནས། མཚོ་སྔོན་གྱི་ནོར་ནག་ཐོན་ལས་ཚོགས་ཆེན་སྐབས་དང་པོ་བསྡུས་ཤིང་། དེས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགྱོགས་མྱུར་ངང་དེང་རབས་ནོར་ནག་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་རེ་བ་དང་ཆོད་སེམས་མངོན་པར་མཚོན་ཡོད། རེ་བ་ཡིན་ན་ཞིང་ལས་དང་ཞིང་སྡེ་པུའུ་དང་། རྒྱལ་ཡོངས་འབྲོག་ལས་སྤྱིའི་ས་ཚིགས། ཀྲུང་གོ་འབྲོག་ལས་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་མཚོ་སྔོན་གྱི་ནོར་ནག་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བླ་ལྷག་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་རམ་དང་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་ལས་གཞན། ཆེད་མཁས་པ་དང་འཐུས་མི་རྣམས་ཀྱིས་ཀྱང་རིག་གཞུང་བསམ་བློ་བརྗེ་རེས་གང་ལེགས་བྱས་མཐར། ནོར་ནག་ཐོན་ལས་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་བྱེད་དགོས་ཟེར།  ། 


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།