logo མཚོ་ལྷོའི་གནད་བསྡུས། ཞིབ་ཕྲའི་གནས་གནས་ཚུལ།

བྲག་དཀར་རྫོང་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་།

2018-08-21 17:50མཚོ་སྔོན་གླེང་བ། རྩོམ་པ་པོ།:

   ང་ཚོ་གསར་འགོད་པའི་རུ་ཁག་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞུང་སྡེ་བར་གནས་པའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཐོན་དུས། མཉམ་ལས་ཁང་གི་ལྷས་རར་ཤ་སྐམ་དང་ཆུར་བ། འབྲི་ཞོ། ལུག་བལ་ཉལ་ཐུལ། པད་ཁའི་སྣུམ་སོགས་ཐོན་རྫས་སྣ་ཚོགས་བཤམས་ཡོད་པ་འདི་དག་ནི་མཉམ་ལས་ཁང་གི་འབྲོག་པ་མང་ཚོགས་ཀྱིས་རང་གིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཤ་སྟག་ཡིན། 

   བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞུང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི2015ལོའི་ཟླ8པར་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་གྱི་བླང་བྱ་ལྟར་བཙུགས་པ་ཡིན་ལ། མཉམ་ལས་ཁང་འདིས་སྐྱེ་ཁམས་སྲུང་སྐྱོབ་ནི་དམིགས་ཡུལ་དང་པོར་བཞག་པ་དང་། ཕྱུགས་ལས་ཕན་ནུས་ལ་སྐུལ་སྤེལ་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་རྒྱུ་གཞི་རྩར་བཟུང་འདུག མཉམ་ལས་ཁང་འདིར་ཁྱིམ་ཚང40ཡི་ལས་མིའི་རྩྭ་ས་མུའུ་ཁྲི4ལྷག་དང་། ཞིང་ས་མུའུ2000ལྷག་དང་། ནོར་ལུག2000ལྷག མ་དངུལ་སྒོར་ཁྲི300ལྷག་བཅས་བཏང་སྟེ་བཙུགས་པ་ཡིན། མཉམ་ལས་ཁང་གིས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆ་རྐྱེན་གཞིར་བཟུང་ནས་འདེབས་འཛུགས་དང་གསོ་སྤེལ། ལས་སྣོན་ཕྱིར་འཚོང་། ཞིང་ལས་འཕྲུལ་ཆས་དང་ངལ་ལས་ཕྱིར་གཏོང་བཅས་ཚན་ཆུང་ལྔ་རུ་བགོས་ནས་ཕྱོགས་བསྡུས་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད། 

   ཕྱུགས་ལས་ཐོན་སྐྱེད་ཐད་ནས་མཉམ་ལས་ཁང་གིས་རྩྭ་སའི་ཆེ་ཆུང་ལྟར་ཕྱུགས་ཟོག་གི་གྲངས་ཀ་གཏན་ཁེལ་དང་ཕྱུགས་རྩྭ་དོ་མཉམ་གྱི་རྩ་དོན་གཞིར་བཟུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་འཚོ་བ་དང་། གཟབ་ནན་སྒོས་ཕྱུགས་རྩྭ་དོ་མཉམ་པའི་ལམ་ལུགས་ལག་བསྟར་བྱས་ཏེ། འབྲི་དང་མ་མོ། ལུག ལུ་གུ་བཅས་རིགས་བཀར་ནས་མུའུ་ཁྲི4ལྷག་གི་རྩྭ་སར་བཀོད་སྒྲིག་བྱས་པས། རྩྭ་ས་སྐྱེ་ཁམས་དོ་མཉམ་གྱིས་སྲུང་སྐྱོབ་བྱས་པ་མ་ཟད། རྩྭ་ཐང་གི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་། 

   ལོ་གཅིག་ལྷག་གི་ཚོད་ལྟ་བྱས་པར་བརྟེན་ནས་མཉམ་ལས་ཁང་གི་ཐོན་སྐྱེད་ཚོང་གཉེར་གྱི་ཐོག་མའི་གྲུབ་འབྲས་བླངས་ཡོད་པ་སྟེ། 2016ལོར་མཉམ་ལས་ཁང་གི་འདེབས་འཛུགས་ཀྱི་ཐད་ནས་ཡོང་འབབ་རྐྱང་བ་སྒོར་ཁྲི50ལྷག་བྱུང་། ལོ་མཇུག་ཏུ་ཡོང་འབབ་སྒོར་ཁྲི35བགོས་པ་དང་ཁྱིམ་ཚང་རེར་སྒོར8750ཐོབ།

   2017ལོར་མཉམ་ལས་ཁང་གི་ཡོང་འབབ་རྐྱང་བ་སྒོར་ཁྲི120ལྷག་ཡོད་ལ། ཁྱིམ་ཚང་རེར་སྒོར17500བགོས། ཡོང་སྒོ་དེ་དག་ནི་འདེབས་འཛུགས་ཁོ་ན་མ་ཡིན་པར་ཞོ་འོ་མ་ཕྱིར་འཚོང་དང་ཞིང་ལས་འཕྲུལ་ཆས་གླ་གཏོང་བྱས་པ་བཅས་ཀྱི་ཡོང་སྒོ་ཡིན། 

     བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞུང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཕྱོགས་བསྡུས་ཅན་གྱི་ཚོང་གཉེར་ཚོད་ལྟ་བྱས་ཏེ། ཕྱུགས་ཟོག་གསོ་སྤེལ་དང་ཞིང་ལས་འདེབས་འཛུགས་ཀྱི་རྣམ་པ་ཇེལེགས་སུ་བཏང་བ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་དང་ས་གནས་ཀྱི་ཡོང་སྒོ་ཇེ་མཐོ་རུ་བཏང་བར་མ་ཟད། སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཚོང་གཉེར་ཐབས་ལམ་བསྒྱུར་ནས་ནུས་ལྡན་སྒོས་ཚོང་གཉེར་བྱེད་སྟངས་ཀྱི་ཕྱོགས་སུ་གོམ་པ་སྤོས། 


    2018ལོར། མཉམ་ལས་ཁང་གིས་སྔར་ལས་སྲོལ་རྒྱུན་ཕྱུགས་ཟོག་ལས་རིགས་ཚོང་གཉེར་གྱི་ཐབས་ལམ་བསྒྱུར་ནས་སྣ་མང་ཅན་གྱི་ཚོང་གཉེར་གྱི་ཕྱོགས་སུ་འབད་དེ། མ་དངུལ་སྒོར་ཁྲི73བཏང་སྟེ། སྔོ་ཚལ་དྲོད་ཁང10འཛུགས་སྐྲུན་བྱས་ཏེ་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་ཀྱི་འཆར་གཞི་བཙུགས་ཅིང་། དེ་མིན་མིས་བཟོས་གཟན་རྩྭ་འདེབས་པ་དང་ལྗང་མདོག་གཟན་རྩྭ་གསོག་གཉེར་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུར་བརྩོན་བཞིན་ཡོད།  


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།