logo མཚོ་ལྷོའི་རྩོམ་རིག ཞིབ་ཕྲའི་གནས་གནས་ཚུལ།

《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》པར་དུ་བསྐྲུན་པ།

2018-07-04 15:52ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།:


དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་གྱི་ལོ་རྒྱུས་མདོར་བསྡུས།

  ཆབ་འགག་རྟ་མགྲིན་ནི་སྤྱི་ལོ་1955ལ་མདོ་སྨད་ས་ཡི་ཁོངས་གཏོགས་ཆབ་འགག་གསེར་གཞོང་རིང་མོའི་རྒྱལ་ར་སྡེ་ཆེན་དུ་སྐྱེས་ཤིང་། སྤྱི་ལོ་1964ནས་རྒྱལ་ར་སློབ་ཆུང་དུ་ཞུགས་ཏེ་སྔགས་འཆང་ཀླུ་འབུམ་དང་དཔའ་རིས་སྒྲོལ་དཀར་སོགས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས། སྤྱི་ལོ་1970ལ་མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཞུགས་ཏེ་རྒན་དཔལ་ཆེན་རྡོ་རྗེ་སོགས་བསྟེན་ནས་རྒྱ་བོད་ཡི་གེ་དང་རྩིས་རིག་སོགས་ལ་སྦྱངས་བརྩོན་བྱས། སྤྱི་ལོ་1972ལ་འཛིན་གྲྭ་འཕར་ནས་དམའ་འབྲིང་མཐར་ཕྱིན་རྗེས། གུང་ཧོ་རྫོང་ཅང་སི་ཞང་དུ་ལས་བགོས་བྱས་ནས་དགེ་རྒན་གྱི་ལས་ཀ་གཉེར། སྤྱི་ལོ་1978པར་མཚོ་སྔོན་མི་རིགས་སློབ་གླིང་བོད་རིག་པའི་སྡེ་ཁག་ཏུ་ཞུགས་ནས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང་རྒན་རྡོ་རྒྱལ་སྐུ་ལོ། དཔའ་རིས་བློ་གྲོས་སྣང་བ། བདེ་མཆོག་སོགས་ཀྱི་དྲུང་དུ་སྙན་ངག་དང་བརྡ་སྤྲོད། རྩོམ་རིག ཡིག་སྒྱུར་སོགས་སློབ་གྲྭ་ཆེན་མོའི་བསླབ་བྱ་ཡོངས་སུ་སྦྱངས། སྤྱི་ལོ་1982པར་མཐར་ཕྱིན་རྗེས། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རྒྱང་སྒྲོག་ཁང་དུ་ལས་བགོས་བྱས་ནས་རྩོམ་སྒྲིག་པ་དང་ལོ་ཙྭ་བའི་ལས་ཀ་གཉེར། སྤྱི་ལོ་1986ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་རྒན་དོར་ཞི་གདོང་དྲུག་སྙེམས་བློ་དང་བསམ་གྲུབ། འཇམ་དཔལ་ཕུན་ཚོགས། དཀོན་མཆོག་ཚེ་བརྟན། ཀླུ་རྒྱལ་འབུམ་སོགས་ཀྱི་དྲུང་དུ་བརྡ་སྤྲོད་དང་སྙན་ངག བསྡུས་གྲྭ། རྩོམ་རིག་ལོ་རྒྱུས་སོགས་སྦྱངས་པ་བྱས། སྤྱི་ལོ་1989ལ་ཞིབ་འཇུག་སློབ་མའི་ཧྲའོ་ཧྲིའི་ཐོབ་ཐང་བླངས་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་གླིང་གི་བོད་རིག་པའི་སྡེ་ཁག་ཏུ་《བོད་ཀྱི་རྩོམ་བྱུང་ལོ་རྒྱུས》དང་། 《བོད་ཀྱི་ལོ་རྒྱུས》《བོད་ཀྱི་ཡིག་རྙིང་ཞིབ་འཇུག》《གནའ་བོའི་རྡོ་རིང་ཡི་གེ་ཞིབ་འཇུག》སོགས་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མའི་སློབ་ཁྲིད་ལས་དོན་གཉེར་བའི་ཞོར་དུ་རྩོམ་པའི་ལས་ལ་ཞུགས་ཏེ།《བོད་ཀྱི་རྩོམ་རིག་ལ་ཐུབ་པའི་སྐྱེས་རབས་ཀྱི་ཤན་ཞུགས་ཚུལ་གླེང་བ》ཞེས་པ་དང་།《གངས་ལྗོངས་མི་རིགས་ཁག་གི་འབྲེལ་བ་བརྗོད་པ་གཟུར་གནས་ཡིད་ཀྱི་དགའ་སྟོན》《སྒྲུང་དཔྱད་སྙིང་གི་ལེགས་སྐྱེས》《བོད་ཀྱི་རྡོ་རིང་ཞིབ་འཇུག》《བོད་བཙན་པོའི་དུས་ཀྱི་རྩོམ་རིག》《བོད་ཀྱི་རྩོམ་རིག་ལོ་རྒྱུས》《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང》སོགས་དཔེ་དེབ་དགུ་པར་སྐྲུན་འགྲེམ་སྤེལ་བྱས་ལ།《ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན་མིན་ལ་དཔྱད་པ》ཞེས་པ་དང་།《འཇང་ས་ཐམ་ཡུལ་ནས་ཐོན་པའི་ཐུ་བྷོད་རྡོ་རིང་ལ་དཔྱད་པ》《ལང་ཇུའི་མཆོད་རྟེན་དཀར་པོ་གསར་དུ་བཅོས་པའི་དཀར་ཆག་རྡོ་རིང་ལ་དཔྱད་པ》《མཚོ་སྔོན་གཏེར་ལམ་རྫོང་གི་བོད་བཙན་པོའི་དུས་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་ཡི་གེ་ལས་འཕྲོས་པའི་གཏམ》《གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་ཡི་གེ་དང་རི་མོ་ལས་འཕྲོས་པའི་གཏམ》《བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སྟངས་སྐོར་གྱི་བསམ་ཚུལ་འགའ》《ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ་སའི་ཆོས་སྡེ—ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་གནས་ལ་དཔྱད་པ》《བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་བསྟན་བཅོས་ལས་རྩོམ་རིག་རང་བཞིན་བཤད་པ》སོགས་བོད་རིག་པའི་དཔྱད་རྩོམ་བདུན་ཅུ་ལྷག《ཀྲུང་གོའི་བོད་ཀྱི་ཤེས་རིག》དང་། 《བོད་ལྗོངས་ཞིབ་འཇུག》སོགས་དུས་དེབ་ཏུ་བཀོད་པར་མ་ཟད། དེ་དག་ལས་ཁག་ཅིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། སློབ་ཁྲིད་ཐད་རྒྱལ་ཁབ་སློབ་གསོ་པུའུ་ཡི“མཐོ་རིམ་སློབ་གྲྭའི་ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་གྱི་བྱ་དགའ”དང་།“རྒྱལ་ཁབ་རིམ་པའི་དགེ་རྒན་མཚན་སྙན་ཅན་གྱི་བྱ་དགའ”ཐོབ་མྱོང་། དེ་མིན་སྔ་གཞུག་ཏུ་ཨ་མེ་རི་ཁ་དང་། ཧོ་ལན། ཁ་ན་ཏ། ཧྥ་རན་སི། མོང་གོལ། ནོར་ཝེ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་བསྡུས་པའི་རྒྱལ་སྤྱི་རང་བཞིན་གྱི་བོད་རིག་པའི་གྲོས་ཚོགས་བཅུ་ལྷག་ལ་ཞུགས་ཏེ་རིག་གཞུང་དཔྱད་རྩོམ་སྒྲོག་སྤེལ་བྱས་མྱོང་། རྒྱུ་རྐྱེན་དེ་དང་དེར་བརྟེན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས་ཀྱི་མཚན་སྙན་ཡང་ཐོབ། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དུ་རབ་འབྱམས་པ་དང་འབུམ་རམས་པར་སློབ་ཁྲིད་གནང་བཞིན་ཡོད།  །

1.jpg

  2018ལོའི་ཟླ་5པའི་ནང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས《ཆབ་འགག་རྟ་མགྲིན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》(སྟོད་སྨད་ཆ)པར་དུ་བསྐྲུན། དེ་ལས་སྟོད་ཆར་ཁོང་གི་དཔྱད་རྩོམ་20དང་། སྨད་ཆར་དཔྱད་རྩོམ་23བསྡུས་ཡོད། དེབ་གཉིས་ཀྱི་བརྗོད་བྱ་ནི་བོད་ཀྱི་ལོ་རྒྱུས་དང་། བོད་དང་མི་རིགས་གཞན་བར་གྱི་འབྲེལ་བ། བོད་ཀྱི་གནའ་རབས་དང་དེང་རབས་རྩོམ་རིག བོད་ཀྱི་ཚིག་རྒྱན་རིག་པ། བོད་ཀྱི་སྐད་དང་ཡི་གེ། བོད་ཀྱི་རྡོ་རིང་ཡི་གེ། མཁས་པའི་རིག་གཞུང་བསམ་བློ། བོད་ཀྱི་ཡིག་རྙིང་ཞིབ་འཇུག གླིང་སྒྲུང་ཞིབ་འཇུག  དམངས་ཁྲོད་དང་དགོན་སྡེའི་དད་མོས་ཞིབ་འཇུག བོད་ཀྱི་དེང་རབས་སློབ་གསོ་སོགས་བོད་ཀྱི་གནའ་དེང་གི་རིག་གནས་ཀྱི་ཕྱོགས་མང་པོ་འདུས་ཡོད། འདི་ལས་སྟོད་ཆ་ནི་2003ལོར་པར་དུ་བསྐྲུན་པའི《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》ཞེས་པ་དེར་ཡང་བསྐྱར་ཡིག་ཞུས་པར་སྒྲིག་བྱས་ཐོག དེབ་ཚད་16ཅན་དུ་བཟོས་ཏེ་པར་དུ་བཏབ་པ་ཡིན་ཞིང་། སྨད་ཆ་ནི་ཁོང་གིས་དེའི་རྗེས་ཀྱི་ལོ་དུ་མའི་ནང་བོད་ཀྱི་རིག་གཞུང་དུས་དེབ་ཁག་ཏུ་བཀོད་པའི་རིག་གཞུང་དཔྱད་རྩོམ་ཁག་རྣམས་ཕྱོགས་སྒྲིག་བྱས་པ་ཞིག་རེད།

1.jpg

  དེབ་འདིར་བསྡུས་པའི་རྩོམ་ཡིག་40ལྷག་ནི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ཀྱིས་ཁྱོན་བསྡོམས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་ཐོག་མར་རྒྱ་བོད་སྐད་ཡིག་གི་ལོ་ཙཱའི་ཕྱག་ལས་གནང་བ་དང་། དེའི་ཕྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་དངོས་གཞི་སློབ་མ་དང་། ཤེས་རམས་ཞིབ་འཇུག་སློབ་མ། འབུམ་རམས་ཞིབ་འཇུག་སློབ་མ་བཅས་ལ་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས། བོད་ཀྱི་ཡིག་རྙིང་ཞིབ་འཇུག གནའ་བོའི་རྡོ་རིང་ཡི་གེའི་ཞིབ་འཇུག་སོགས་སློབ་ཁྲིད་ཀྱི་ཞོར་དུ་རིག་གཞུང་ཞིབ་འཇུག་གནང་བའི་འབྲས་བུ་ཡིན་ཞིང་། འདི་ལས་སྐུ་ཚེ་གང་པོ་བོད་ཀྱི་རིག་གནས་སློབ་གསོའི་བྱ་གཞག་ལ་བསྟིམས་པའི་སློབ་གསོ་དང་སློབ་ཁྲིད་ཀྱི་ཕྱག་ལས་གཉེར་མཁན་ཞིག་དང་། རིག་གཞུང་ཞིབ་འཇུག་གི་གོམ་འགྲོས་ལྷོད་མ་མྱོང་བའི་བོད་ཀྱི་མཁས་པ་ཞིག་གི་དུས་རབས་སྔོན་མའི་ལོ་རབས་80པ་ནས་དེང་ལ་ཐུག་གི་བར་གྱི་རིག་གཞུང་ཞིབ་འཇུག་གི་གདམ་ག་དང་གཞོལ་ཕྱོགས། བློ་གྲོས་ཀྱི་ཞུན་བརྡར། རིག་གཞུང་བསམ་བློ་འཚར་སྐྱེད་ཀྱི་འགྲོས་རིམ། མི་སྒེར་གྱི་རིག་གཞུང་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་སོགས་མཚོན་ཡོད་པར་མ་ཟད། ཁོང་ཅག་མི་རབས་འདིས་རང་མི་རིགས་ཀྱི་རིག་གནས་ལ་བཅངས་པའི་ལྷག་བསམ་དང་། གོམ་འགྲོས་བརླིང་པོས་འཚོལ་སྙེག་ལ་འཇུག་པའི་ཟློག་མེད་བརྩོན་པ། རང་སྒེར་གྱི་རྣམ་དཔྱོད་ལ་བརྟེན་ཏེ་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ལམ་ཁ་རྒྱ་སྐྱེད་པའི་བློ་སྤོབས་སོགས་ཀྱང་ཕྱོགས་མང་པོ་ནས་མཚོན་གྱི་ཡོད་དོ།།

ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།