logo དམངས་སྲོལ་རིག་གནས། ཞིབ་ཕྲའི་གནས་གནས་ཚུལ།

མདོ་སྨད་ཆབ་འགག་ཡུལ་གྱི་ལྔ་བའི་བ་གཞི།

      མདོ་སྨད་ཡུལ་དུ་སངས་རྒྱས་སྨན་བླའི་དུས་ཆེན་འདིར་ལྔ་བའི་བ་གཞི་དང་། ལྔ་བའི་གཡའ་དྭངས། ལྔ་བའི་བ་དུང་། ལྔ་བའི་ལྷ་མཚོན། བ་མ་བ་གཞི་སོགས་མིང་གི་འབོད་ཚུལ་མི་འདྲ་བ་དུ་མ་མཆིས། དུས་ཆེན་འདི་ལ་ཆབ་འགག་ཡུལ་དུ་ལྔ་བའི་བ་གཞི་ཞེས་འབོད།

1.jpg

      ཆབ་འགག་ཡུལ་འདིའི་ལྔ་བའི་བ་གཞི་རོལ་སྟངས་ཆེ་ཕྱོགས་ནས་ཡུལ་གཞན་གྱི་སངས་རྒྱས་སྨན་བླའི་དུས་ཆེན་དང་འདྲ་བོ་འདུག་སྟེ། ལྔ་བའི་ཚེས་ལྔ་ཉིན་དེའི་ཆུ་ནི་སངས་རྒྱས་སྟོན་པའི་གནང་བའི་སྨན་ཆུ་ཡིན་པ་དང་ཉིན་དེའི་རྩྭ་རྩི་ཤིང་ནི་སྟོན་པའི་གནང་བའི་སྨན་རྩྭ་ཡིན་ཞེས་ཟེར་སྲོལ་ཡོད་པས།  སྨན་ཤར་ཚོ་ནངས་སྔ་མོར་ཆུ་མིག་ཁར་སངས་རྒྱས་སྨན་བླས་གནང་བའི་སྨན་ཆུ་ལེན་དུ་འགྲོ་བ་དང་། བྱིས་པ་རྣམས་ཀྱིས་མེ་ཏོག་འཐུ་བར་འགྲོ་བ་དང་སྡོང་བོའི་ཡལ་ག་སོགས་སྒོ་མགོར་བཀལ་སྟེ་སྒེའུ་ཁུང་དང་ཁྱིམ་སྒོ་བརྒྱན་པར་བྱེད། སྐྱེས་པ་རྣམས་ཀྱིས་མདའ་ཤིང་བཅད་དེ་ལབ་ཙེ་བསྟོད་པའི་སྲོལ་ཡོད།

2.jpg


      དུས་ཆེན་ཉིན་མོ་འདིར་ཆབ་འགག་ཡུལ་གྱི་རྒྱལ་ར་སྡེ་བ་གཙོས་ཡུལ་ཕྱོགས་འདིའི་མི་རྣམས་ཀྱིས་ལོ་རེར་ཆད་མེད་སྒོས་གཞི་བདག་མཐུ་ནུས་ཅན་དྲག་རྩལ་རྡོ་རྗེ་ཐོག་མདའི་ཕོ་བྲང་ཡིན་པར་གྲགས་པའི་ལབ་ཙེ་བསྟོད་བཞིན་མཆིས། དྲག་རྩལ་རྡོ་རྗེ་ཐོག་མདའ་ནི་ཆབ་འགག་ཡུལ་གྱི་གཞི་བདག་ཆེན་མོ་གྲས་ཀྱི་གཅིག་ཡིན། ལབ་ཙེ་འདི་ནི་ཆབ་འགག་ཡུལ་གྱི་ལྟེ་བ་རྒྱལ་ར་སྡེ་བའི་གོང་རོལ་གྱི་སྐྱེད་ཚལ་ཉམས་དགའ་ཞིང་བྱ་བྱེའུ་གྲེ་འགྱུར་སྙན་སར་ཆགས་ཡོད་ལ། ཆབ་ཆ་གྲོང་བརྡལ་ནས་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱད་མཚམས་སུ་གནས།  རྒན་པོའི་བཤད་རྒྱུན་ལྟར་ན་ལབ་ཙེ་འདིར་མཆོད་བཀུར་བགྱིས་ན་ཁ་ལས་རླུང་རྟ་དར་ཞིང་། ལུས་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མི་འབྱུང་ཞིང་ཆར་ཆུ་དུས་སུ་འབབ་པར་བཤད།།

3.jpg

      ང་རང་བྱིས་པའི་དུས་སུ་ཡུལ་མི་རྒན་དར་གཞོན་གསུམ་དང་ལྷན་དུ་ལུས་ལ་རྒྱན་གོས་གསར་བ་སྤྲས་ཤིང་། ལག་ཏུ་དག་གཙང་བྱས་རྗེས་ཀྱི་བསང་རྩི་དང་ཚོན་རིས་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་མདའ་སུམ་སྒྲོ་ཅན་ཐོགས་ཏེ་དྲག་རྩལ་རྡོ་རྗེ་ཐོག་མདའི་ལབ་ཙེ་བསྟོད་པར་སོང་མྱོང་། ལྔ་བའི་བ་གཞི་སླེབས་ལ་ཉེ་བའི་སྐབས་འདིར་ངའི་སེམས་ཀྱི་རི་མོའི་ངོས་སུ་ཕ་ཡུལ་གྱི་དུས་ཆེན་ཡང་བསྐྱར་འཆར་ཞིང་འདི་སྐོར་གྱི་ལོ་རྒྱུས་དེ་མི་མང་པོ་ཞིག་ལ་ངོ་སྤྲོད་བྱ་འདོད། 

4.jpg

      ཆབ་འགག་ཡུལ་གྱི་དྲག་རྩལ་རྡོ་རྗེ་ཐོག་མདའི་ལབ་ཙེ་ལ་ངག་རྒྱུན་དང་བཞེད་པ་མི་མཐུན་པ་འགའ་བྱུང་ཡོད་དེ། «ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ»ལས།[1] དེ་དག་ལས་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་དུ་གྲགས་པའི་བཤད་རྒྱུན་དེ་གཞི་བཟུང་ནས་བརྗོད་ན། དྲག་རྩལ་རྡོ་རྗེ་ཐོག་མདའ་ནི་སྤྱི་ལོ༡༥༥༩ལོ་ནས་སྤྱི་ལོ༡༥༩༡ལོའི་བར་ཡུལ་འདིར་དབང་བསྒྱུར་བྱེད་མཁན་ཞིག༼པིན་ཐུའུ་ཨ་བརྟན་རྒྱལ་པོའི་བུ་ཡིན༽ལགས་ཤིང་། ཁོང་སྤྱི་ལོ༡༥༩༡ལོར་མིང་རྒྱལ་རབས་ཀྱི་དམག་དཔོན་ཀྲེན་ལོ་ཟེར་བ་དེས་ཡུལ་འདིར་བཙན་འཛུལ་བྱེད་སྐབས་བཀྲོངས་རྗེས་ཡུལ་འདི་དང་ཁྱད་པར་དུ་རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གིས་སྔོན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཕྱག་བཏབ་རྗེས་དགོན་པ་ཁོང་ལ་རེ་བཅོལ་བྱས་ཡོད་པས་བཀའ་མ་བཅགས་པ་དང་ཡུལ་འདིར་ཞེན་ཆགས་ཆེ་བའི་དབང་གིས་གཞི་བདག་ཏུ་གྱུར་ཅིང་། ཁོང་ཉིད་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་ཉེ་འཁོར་དུ་ཡུན་རིང་འགོར་རྗེས་ནུས་ལྡན་ཞིག་ཏུ་གྱུར་ཀྱང་ཡུལ་འདིའི་སེམས་ཅན་ལ་མི་འདོད་པའི་གནོད་འཚེ་གང་ཡང་མ་བཏང་པར་ཞི་འཇམ་གྱིས་གནས།

      ཆབ་འགག་ཡུལ་གྱི་དྲག་རྩལ་རྡོ་རྗེ་ཐོག་མདའི་ལབ་ཙེ་ལ་ངག་རྒྱུན་དང་བཞེད་པ་མི་མཐུན་པ་འགའ་བྱུང་ཡོད་དེ། «ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ»ལས།[1] དེ་དག་ལས་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་དུ་གྲགས་པའི་བཤད་རྒྱུན་དེ་གཞི་བཟུང་ནས་བརྗོད་ན། དྲག་རྩལ་རྡོ་རྗེ་ཐོག་མདའ་ནི་སྤྱི་ལོ༡༥༥༩ལོ་ནས་སྤྱི་ལོ༡༥༩༡ལོའི་བར་ཡུལ་འདིར་དབང་བསྒྱུར་བྱེད་མཁན་ཞིག༼པིན་ཐུའུ་ཨ་བརྟན་རྒྱལ་པོའི་བུ་ཡིན༽ལགས་ཤིང་། ཁོང་སྤྱི་ལོ༡༥༩༡ལོར་མིང་རྒྱལ་རབས་ཀྱི་དམག་དཔོན་ཀྲེན་ལོ་ཟེར་བ་དེས་ཡུལ་འདིར་བཙན་འཛུལ་བྱེད་སྐབས་བཀྲོངས་རྗེས་ཡུལ་འདི་དང་ཁྱད་པར་དུ་རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གིས་སྔོན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཕྱག་བཏབ་རྗེས་དགོན་པ་ཁོང་ལ་རེ་བཅོལ་བྱས་ཡོད་པས་བཀའ་མ་བཅགས་པ་དང་ཡུལ་འདིར་ཞེན་ཆགས་ཆེ་བའི་དབང་གིས་གཞི་བདག་ཏུ་གྱུར་ཅིང་། ཁོང་ཉིད་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་ཉེ་འཁོར་དུ་ཡུན་རིང་འགོར་རྗེས་ནུས་ལྡན་ཞིག་ཏུ་གྱུར་ཀྱང་ཡུལ་འདིའི་སེམས་ཅན་ལ་མི་འདོད་པའི་གནོད་འཚེ་གང་ཡང་མ་བཏང་པར་ཞི་འཇམ་གྱིས་གནས།

5.jpg

      སྤྱི་ལོ༡༧༢༥ལོར་འཁྲུག་རྩོད་ཀྱི་དབང་གིས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་མེ་ལྷའི་ཞལ་དུ་འཐིམ་ཡང་ཁོང་ཉིད་གནས་འདིར་འཁོར་ཞིང་བསྡད། སྤྱི་ལོ༡༨༥༩ལོར་ཡུལ་འདིར་སླར་ཡང་འབངས་མི་ཆགས་པ་ནས་ཡུལ་འདིར་མཆོད་བཀུར་བགྱིས་པ་ལེགས་པོ་མིན་པར་བརྟེན་གནོད་པ་གཏོང་བའི་མགོ་ཚུགས། 

6.jpg

      ཡུལ་འདིའི་འབངས་མི་རྣམས་ཀྱིས་ཞུས་པ་ལྟར་སྐྱེས་ཆེན་དམ་པ་མང་བོས་བཀའ་བསྐོས་དམ་བཞག་བྱས་ཀྱང་ཕན་སྤུ་ཙམ་ཡང་མ་ཐོགས་པར་ལོ་རེར་ཡུལ་འདི་གའི་མི་ལ་དམིགས་གཏད་ཀྱིས་ན་ཚ་དང་ཕྱུགས་ལ་གོད་ཁ་བྱུང་བར་མ་ཟད། ནུབ་མཐའ་ན་གླང་ཆེན་དང་འདྲ་བའི་ཆར་སྤྲིན་ལང་ལོང་དུ་རྒྱུ་འོང་བའི་སྐབས་སུ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་ཤུལ་ནས་གློ་བུར་དུ་རླུང་འཚུབ་དྲག་པོ་ལྡིང་སྐོར་བྱས་ཏེ་ཆར་སྤྲིན་སྐད་ཅིག་དེ་ཉིད་ལ་མེད་པར་བཟོས་པའི་ལྟས་ངན་བསྟན་པ་དང་། ཡུལ་འདིར་ཐན་སྐྱོན་ཚབས་ཆེན་རིམ་པར་བྱུང་ནས་ཡུལ་མི་རྣམས་མི་འདོད་པའི་སྡུག་ལ་ཡང་ཡང་སྦྱར་ཞེས་གྲགས།།

7.jpg


      དེ་ཡང་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ཐུགས་རྒྱུད་གཅིག་པ་མཁན་ཆེན་གྲགས་པ་བརྩོན་འགྲུས་ཀྱི་སྐུ་ཕྲེང་གསུམ་པ་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོ་མཆོག་དགོན་པར་བཞུགས་སྐབས་དྲག་རྩལ་རྡོ་རྗེ་ཐོག་མདས༼པིན་ཐུའུ༽ཞལ་ཡང་ཡང་བསྟན་པར་བརྟེན། སྐྱབས་རྗེ་མཆོག་གིས་སྤྱི་ལོ༡༩༥༧ལོའི་ཟླ༤པའི་ཟླ་མཇུག་ཏུ་དགོན་གསར་གྱི་མཁན་པོ་དར་ཙེ་སོགས་གྲྭ་བ་བཅུ་གྲངས་ཤིག་གློ་བུར་དུ་རྒྱལ་རར་མངགས་ནས་སྦྱིན་སྲེག་དང་རྒྱ་རྫོང་སོགས་དྲག་ལས་ཀྱི་རིམ་གྲོ་མང་དུ་བསྒྲུབས་པར་བྱས། ལོ་དེའི་ཟླ༥བའི་ཚེས༥ཉིན་སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་དངོས་སུ་ཕེབས་ནས་གཞི་བདག་འདི་ཉིད་དམ་ལ་བཏགས་པར་མ་ཟད་ཡུལ་ཕྱོགས་འདི་སྐྱོང་དགོས་པའི་བཀའ་བསྐོས་མཛད་ཅིང་ལབ་ཙེ་བསྟད།

8.jpg


      དེར་ཚད་ལྡན་གྱི་སྲོག་ཤིང་གཏེར་རྫས་སྣ་འཛོམས། རིམ་པ་གསུམ་ཅན་གྱི་ཕོ་བྲང་དང་གཟུགས་རིས་མི་འདྲ་བ་གསུམ་བཀོད་པ་སྟེ། དང་བོ་ནི་དྲག་རྩལ་རྡོ་རྗེ་ཐོག་མདའ་མིའི་གནས་སྐབས་ཀྱི་གཟུགས་རིས་དང་། གཉིས་པ་ནི་གཞི་བདག་གི་གཟུགས་རིས། གསུམ་པ་ནི་མ་འོངས་པར་ཆོས་སྐྱོང་གི་རྣམ་པར་འགྱུར་སྐབས་ཀྱི་གཟུགས་རིས་བཅས་རིམ་པར་བཞེངས།

9.jpg


      རྫས་ཀྱི་རིམ་པ་ནི་ནས་འབྲས་གྲོ་ཏིལ་ལ་སོགས་པའི་འབྲུ་སྣ་གང་རྙེད་ཚད་བསགས་པའི་བུམ་པ་དང་། གསེར་དང་། དངུལ། མུ་མེན། མུ་ཏིག གཡུ། བྱུ་རུ། དུང་། ཟངས། རག་སོགས་རིན་པོ་ཆེའི་རིགས་གང་རྙེད་ཚད་བསགས་པའི་བུམ་པ། ཇ་མར་དང་ཤ་ཐུད། ཀ་ར། བུ་རམ། སྦྲང་རྩི། ཤིང་ཏོག་གི་རིགས་སོགས་ཟས་སྣ་གང་རྙེད་ཚད་བསགས་པའི་བུམ་པ། ཁྱི་ཕག་བོང་བུ་མ་གཏོགས་པའི་རྟ་ནོར་འབྲི་གཡག་ལུག་ལ་སོགས་པའི་སེམས་ཅན་སྤུ་རྙེད་ཚད་བསགས་པའི་བུམ་པ། གོས་དར་སྨན་སྣའི་རིགས་སོགས་བཀྲ་ཤིས་པའི་རྫས་རྙེད་ཚད་བསགས་པའི་བུམ་པ་སྟེ་བུམ་པ་ལྔ་དང་མཐའ་སྐོར་དུ་མདའ་མདུང་གྲི་གསུམ་གྱིས་བསྐོར་བ་སོགས་རྒྱལ་པོ་ཞིག་ལ་དགོས་པའི་ཡོ་བྱད་ཚང་བར་མཛད་དོ།།

10.jpg


      ལབ་ཙེ་བསྟད་པ་ནས་བཟུང་ལོ་རེའི་ཟླ༥བའི་ཚེས༥ཉིན་ཏེ་ལྔ་བའི་བ་གཞི་ཉིན་ཡུལ་དེའི་མི་རྣམས་ཀྱིས་རྒྱུན་ཆད་མེད་པར་ལབ་ཙེ་བསྟོད་ཅིང་བསང་མཆོད་རྒྱ་ཆེན་པོ་བྱེད་པ་དང་། ཡུལ་མི་རྣམས་གནས་དེར་འཛོམས་ནས་གླུ་ལེན་གར་རྩེད་དང་རྟ་རྒྱུག་མདའ་འཕེན་བྱེད་པའི་སྲོལ་བཟང་ཞིག་མ་ཉམས་པར་རྒྱུན་འཛིན་བྱེད་པར་ཡོད། སྤྱི་ལོ༢༠༡༢ལོར་ཆབ་འགག་རྒྱལ་ར་སྡེ་བའི་ཚོང་དཔོན་དཔའ་ལྡན་ཟླ་བས་དམངས་སྒོར་ཁྲི༡༦ལྷག་བཏང་སྟེ་སྔར་ཡོད་ཀྱི་ལབ་ཙེ་རྨང་གཞི་བྱས་ཤིང་བསྐྱར་བཞེངས་ལེགས་པོ་མཛད་པ་ཡིན་ནོ།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།