logo མཚོ་ལྷོའི་ཏང་འཛུགས། ཞིབ་ཕྲའི་གནས་གནས་ཚུལ།

མང་ཆུ་གྲོང་རྡལ་ན་རན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དབང་ཕྱུག

2018-04-25 10:19མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ། རྩོམ་པ་པོ།:

      “སྡེ་བ་རྗེས་ལུས”དང“འཚམས་འདྲི་བྱེད་སའི་སྡེ་བ་གཙོ་བོ།”“དབུལ་ཕོངས་སྡེ་བ”བཅས་ནི་ན་རན་སྡེ་བས་མི་རྣམས་ལ་བཞག་པའི་བག་ཆགས་ཡིན་ལ། 2016ལོར་ཧྲུའུ་ཅི་དང་པོ་དབང་ཕྱུག་སྡེ་བ་དེར་སོང་བའི་རྗེས་སུ་ཚང་མར་འགྱུར་ལྡོག་བྱུང་།

       གནད་དོན་འབུར་ཐོན་ཡིན་པའི་སྡེ་བ་དེར་ཁ་གཏད་ནས། ཀོས་ནན་རྫོང་སྲིད་ཁྲིམས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབང་ཕྱུག་གིས“བྱེད་ཐབས་དཀའ་ཁག་ལས་མང”ཞེས་ཡང་ནས་བསྐྱར་དུ་རང་ཉིད་ལ་སེམས་གསོ་བྱེད་བཞིན། 2016ལོའི་ཟླ12པའི་ཟླ་སྨད་དུ། ཁོས་ན་རན་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་ཞིང་། ཁོས་སེམས་ཁུར་བྱེད་ས་ནི་བོད་རིགས་ལས་བྱེད་པ་ཞིག་ཧུའེ་རིགས་སྡེ་བར་སྡེ་བསྡོད་བྱ་བ་བསྒྲུབ་ཐུབ་མིན་དེ་མིན་ལ། རྗེས་ལུས་ཀྱི་རྨང་གཞིའི་སྒྲིག་ཆས་དང་རྗེས་ལུས་ཀྱི་བསམ་བློ། ཐོན་སྐྱེད་གྲུབ་ཆ་སྣ་གཅིག་ཅན། དབུལ་ཕོངས་ཁྱིམ་ཚང་མང་བ་སོགས་ཀྱི་གནས་བབ་མྱུར་དུ་བསྒྱུར་རྒྱུ་དེ་རེད།

      ཁོས་འབད་བརྩོན་བྱས་པ་བརྒྱུད། སྡེ་བ་འདིའི་ལོ་མང་པོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་ངལ་ཁག་ཐག་གཅོད་བྱས་ཤིང་། ཁོ་དང་དབུལ་སྐྱོར་བྱ་བའི་རུ་ཁག སྡེ་བའི་ཨུ་ཡོན་གཉིས་ཀྱི་འབད་བརྩོན་འོག སྡེ་བའི་ནང་ཞབས་ཕྱིའི་ཚོམས་ཆེན་དང་བྱིས་གཉོར་ཁང་། བྱ་འགུལ་ཐང་ཆེན་སོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་མ་ཟད། ན་ནིང་ཁྱིམ་ཚང207ལ་ཉེན་ཁང་ཞིག་གསོ་བྱས་ཤིང་། ཞིང་ལས་འཕྲུལ་ཆས8དང་བ་གླང་དང་ལུག500བྱིན།

      ན་རན་སྡེ་བར་བཅར་འདྲི་བྱེད་སྐབས་ཆེས་མང་བའི་སྐད་ཆ་ནི“ན་ནང་གི་དབུལ་སྐྱོར་གྱི་གྲུབ་འབྲས་སྔོན་གྱི་ལོ་བཅུའི་འཕེལ་རྒྱས་ལས་འབུར་ཐོན་རེད།”ཅེས་པ་དེ་ཡིན་ལ།བྱ་བར་བྲེལ་འཚུབ་ཆེ་བའི་དབང་ཕྱུག་ཡུལ་དུ་ལོག་པའང་ཤིང་ཏུ་ཉུང་། ཐེངས་མང་པོར་བྱིས་པ་ཁྲིད་ནས་སྡེ་བའི་ཨུ་ཡོན་གཞུང་སྒྲུབ་ཁང་ནས་ཞག་སྡོད་བྱས་དེ་བྱ་བ་བསྒྲུབས་ལ། ཁྱིམ་མིའི་སེམས་ཁ་བདེ་ཆེད་ལས་སྣོན་བྱེད་པའི་ཚུལ་ཁ་པར་ནང་བརྙན་ཕབ་བྱས་ནས་བསྐུར་བ་རེད།

       སྡེ་མི་མཱ་ཨར་སིས་བཤད་རྒྱུར“ང་ཚོའི་སྡེ་བའི་ཤར་ནས་ནུབ་བར་སྤྱི་ལེ3ཡོད་ལ། ཡིག་ཚགས་བཟོས་པའི་ཁྱིམ་ཚང108དང་། ཁོ་རང་སྡེ་བ་འདིའི་མི་ལ་བལྟས་ནའང་ཁྱིམ་ཚང་སོ་སོར་ཆ་རྒྱུས་གསལ་བོ་ཡོད་པར་མ་ཟད། དོན་དག་ཆེ་ཆུང་གང་ཡིན་ཡང་། ཁོས་སེམས་པ་རྣམ་དག་གིས་སྡེ་བའི་མི་རྣམས་ལ་རོགས་རམ་བྱེད་པ་ཡིན”ཟེར། སྡེ་བའི་ཁང་རྙིང་ཞིག་གསོ་བྱེད་སྐབས་ཀྱང་འགན་གཙང་ལེན་བྱེད་མཁན་མེད་པར་ཚང་མར་སྒོར་མོའི་དཀའ་ཁག་བྱུང་སྐབས་དབང་ཕྱུག་གིས་རང་གི་དོན་དག་ནང་བཞིན་ཁོ་ཚོར་རོགས་སྐྱོར་མཁན་བཙལ་ཞིང་།སྒོར་མོ་སྟེར་རྒྱུའི་དོན་དག་ངོས་ཐད་ནས་ཀྱང་རང་ཉིད་ཕྱོགས་གཉིས་ཀྱི་བར་འདུག་པ་བྱས། དེ་ལྟར་ཁོའི་རོགས་རམ་ལ་བརྟེན་ནས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱིས་ཀྱང་ཁང་པ་ཞིག་གསོ་བྱེད་ཐུབ་པ་བྱུང་། སྡེ་མི་རྣམས་ཀྱི་ཁང་བ་དང་། གྱང་ཆག ར་སྐོར་སོགས་ལས་པར་ཡང་དཀའ་ཁག་ཆེ་བ་མ་ཟད། ནོར་ལུག་ཀྱང་ཉོ་མི་ཐུབ་པས། ཁོས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་རྣམས་ལ་ཐབས་བཀོད་འཐེན་ནས་སྒོར་མོས་རོགས་རམ་བྱེད་དུ་བཅུག  དེ་མིན་ད་དུང་ནོར་ལུག་སོགས་ཉོ་བར་ཡང་ཁོ་རང་བར་འདུག་བྱས་ནས་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་ལ་ནུས་པ་ཆེན་པོ་བཏོན།

      ཁང་རྙིང་ཞིག་གསོ་བྱེད་སྐབས་ཁྱིམ་བདག་དང་འགན་གཙང་ལེན་པའི་བར་རྒྱུན་དུ་འགལ་བ་འབྱུང་བཞིན་ཡོད་པས། དེ་ཕྱོགས་སུའང་ཁོས་འདུམ་འགྲིག་ལེགས་པོ་བྱས་ཤིང་། སྡེ་བའི་ནོར་སྲིད་ལ་ཁ་གསབ་རོགས་དངུལ་སྟེར་རྒྱུ་མེད་པས་ཁོས་སྲིད་གཞུང་ལ་སྙན་ཞུ་ཕུལ་བ་རེད།

      སྡེ་དཔོན་སྔོན་མས་གཞུང་རྒྱུ་ཟོས་ནས་ཉེས་ཆད་བཅད་ཅིང་། ཁོའི་ཆུང་མ་གཅིག་པུས་བྱིས་པ་གཉོར་བར་དཀའ་ཁག་ཆེ་བའི་གནས་ཚུལ་ཤེས་རྗེས་ཁོས་ཡང་བསྐྱར་སྲིད་གཞུང་གིས་རོགས་སྐྱོར་བྱེད་པའི་རེ་བ་ཞུས་ཤིང་། སྡེ་བའི་བྱིས་པ་མང་ཆེ་བ་སློབ་གྲྭར་འགྲོ་བཅུག་པའི་སློབ་གསོའི་གྲུབ་འབྲས་བཟང་བོ་འདི་ཡང་དབང་ཕྱུག་གིས་དཀའ་ཚེགས་གང་མང་མྱངས་པ་དང་ཁ་འབྲལ་ཐུབ་མེད་པ་རེད།

      མང་ཆུ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཉིག་ཧན་ཆིན་གྱིས་ཀྱང“དབང་ཕྱུག་ནི་དུས་རྒྱུན་ང་ཚོའི་སྲིད་གཞུང་དུ་འོང་ནས་མང་ཚོགས་ཀྱི་བྱ་བ་སྣ་ཚོགས་ཡར་ཞུ་བྱེད་མཁན་གྱི་ཧྲུའུ་ཅི་བཟང་བོ་ཞིག་ཡིན”ཟེར།

      དབང་ཕྱུག་གིས་འདི་ལྟར་ཧུར་ཐག་གིས་བྱ་བ་སྒྲུབ་པ་ནི་མང་ཚོགས་རྣམས་ལ་མཚོན་ན་ནམ་ཡང་བརྗེད་ཐབས་མེད་ཅིང་། ཁོ་ནི་ཏང་གིས་མང་ཚོགས་ལ་བསྐོ་བཞག་བྱས་པའི་ཧྲུའུ་ཅི་བཟང་བོ་ཞིག་ཡིན་པར་མ་ཟད། སྡེ་བ་གཞན་གྱིས་ཀྱང་ཁོ་ལ་ཡིད་སྨོན་བྱེད་བཞིན་ཡོད། སྡེ་བའི་མི་རྣམས་ཀྱིས“ད་སྐབས་ཚོའི་སྡེ་བ་འདི་འདྲའི་འཕེལ་རྒྱས་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་བོ་དང་དབང་ཕྱུག་ཧྲུའུ་ཅི་ལྟ་བུ་ཡོད་པས་ཡིན”ཞེས་ཚང་མས་མགྲིན་གཅིག་ཏུ་བསྟོད་བསྔགས་བྱེད་པ་རེད།

      མ་འོངས་པའི་སྡེ་བའི་འཕེལ་རྒྱས་ཐད་དུའང་དབང་ཕྱུག་ལ་སྔ་མོ་ནས་འཆར་གཞི་ཞིག་ཡོད་དེ། ཁོས་བཤད་དོན“སློབ་གསོ་ལེགས་པོར་བསྒྲུབ་པ་ནི་གནད་འཁེལ་དབུལ་སྐྱོར་གྱི་རྩ་བའི་གནད་འགག་ཡིན་པས།དཀའ་ཁག་ཅི་འདྲ་ཆེ་ཡང་། བྱིས་པ་ཚང་མར་འདྲ་མཉམ་གྱི་སློབ་གསོ་འཐོབ་རྒྱུ་ནི་ཁོའི་སེམས་ནང་གི་རེ་བ་ཡིན”ཟེར། ཉི་འོད་དྲོ་ཞིང་འཇམ་ལ་ནམ་མཁའ་ཡང་སྔོ་ཞིང་དྭངས་པས།  མཛེས་སྡུག་གི་རྨི་ལམ་ནི་ར་སྐོར་ནང་གི་ཁམ་བུའི་མེ་ཏོག་བཞིན་ལྷུག་པོར་བཞད་ཅིང་། དབང་ཕྱུག་གི་གདོང་ལའང་དགའ་སྤྲོའི་འཛུམ་མདངས་མངོན་ཡོད། དབུལ་སྐྱོར་མཁྲེགས་གཏོར་གྱིས་ཞིང་གྲོང་མཛེས་སྡུག་དང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ་དང་། མང་ཚོགས་རྣམས་ཀྱིས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བར་ཁོ་ལའང་ཡིད་ཆེས་ཟབ་མོས་ཁེངས་ཡོད།།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།