logo དམངས་སྲོལ་རིག་གནས། ཞིབ་ཕྲའི་གནས་གནས་ཚུལ།

འཛམ་གླིང་དཔེ་ཀློག་ཉིན་མོ་བསུ།

2018-04-23 10:12 རྩོམ་པ་པོ།:

    རྗེ་ཙོང་ཁ་པ་ནི་རླབས་ཆེ་བའི་མི་ཞིག་ཡིན། རྒྱུ་མཚན་ནི་ཁོང་གིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་དཔེ་ཀློག་གི་ཆེད་དུ་བསྟིམས་ཤིང་། ཞོགས་པ་རེ་རེར་སྔ་མོ་ནས་ཡར་བཞེངས་ཏེ། དཔེ་ཆ་མདའ་ཚད་མ་རེ་བློར་སྐྱོར་བའི་གོམས་སྲོལ་དེ་མི་ཚེའི་ཐོག་མཐའ་བར་གསུམ་དུ་རྒྱུན་བསྐྱངས། ཁོང་གི་ཁ་ཆེམས་སུ་ཡང་། ངས་བྲིས་པའི་ལམ་རིམ་དང་སྔགས་རིམ་གཉིས་ཀ་བཀླག་ཚེ་ང་དང་དངོས་སུ་ཕྲད་པ་དང་ཁྱད་མེད་ཅེས་གསུངས་མྱོང་།

    རིག་པ་སྨྲ་བ་དགེ་ཆོས་ཀྱིས་ཀྱང་། རོ་དང་མཚུངས་པའི་ལུས་པོ་འདི།། ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་དག། མཉམ་དུ་ཤི་ན་ཤིན་ཏུ་ཕངས།། ཞེས་གསུངས་པ་རེད། ཁོང་གིས་གསེར་དང་མཚུངས་པའི་རྣམ་དཔྱོད་དག་རོ་དང་མཚུངས་པའི་ལུས་པོ་དང་མཉམ་དུ་འཆི་རུ་མི་འཇུག་པའི་ཕྱིར། གཏམ་རྒྱུད་གསེར་ཐང་ནས་དེབ་ཐར་དཀར་པོ། ཀླུ་སྒྲུབ་དགོངས་རྒྱན་ནས་འདོད་པའི་བསྟན་བཅོས་སོགས་ང་ཚོར་འབོག་སྐལ་དུ་བཞག

    ཡིན་ནའང་། རང་ཅག་གི་མི་རིགས་འདི་ཉིད་དཔེ་ཀློག་གི་སྲོལ་རྒྱུན་ཡོད་པའི་མི་རིགས་ཤིག་མ་རེད། ང་ཚོའི་དཔེ་ཆ་ཕལ་ཆེ་བ་ནི་ཆོས་ཀྱི་དོན་སྟོན་པའི་དཔེ་ཆ་འབའ་ཞིག་ཡིན་ལ། དེ་དག་ཀྱང་དགོན་པའི་ནང་བྲག་རི་ལྟར་བརྩིགས་ཡོད། མི་སེར་ལ་མཚོན་ན་དེ་ནི་ཕྱག་གི་ཡུལ་འབའ་ཞིག་སྟེ། ཁྱིམ་དུ་ཆོས་དཔེ་སྣ་རིང་མ་ཡོད་ནའང་། རིམ་གྲོ་སྒྲུབ་པའི་སྐབས་སུ་དགེ་འདུན་པ་གདན་དྲངས་ནས་ཡོན་ཕུལ་ཏེ་ ཀློག་པར་བྱེད་པ་ལས་རང་ཉིད་ཀྱི་བཀླག་པར་མི་བྱེད།

    ཤཱཀྱ་ཐུབ་པས། ལྔ་བརྒྱ་དུས་ཀྱི་མཐའ་མ་ལ།། ང་ནི་ཡི་གེ་གཟུགས་སུ་གནས།། ཞེས་གསུངས་ཤིང་། འཇིག་རྟེན་འདིའི་སྟེང་གི་རླབས་ཆེ་བའི་སྐྱེས་བུ་དག་ནི་འདས་ཟིན་པའི་ངག་རྒྱུན་དུ་གྱུར་ཞིང་ཁོ་ཚོའི་འོད་དུ་འཕྲོ་བའི་རྣམ་དཔྱོད་ནི་དཔེ་ཆའི་སྟེང་གི་ཡི་གེའི་གཟུགས་ཀྱིས་ང་ཚོའི་དཔེ་སྒྲོམ་གྱི་སྟེང་དུ་བརྩིགས་ཡོད་ནའང་། གླེགས་བམ་དེ་དག་གི་གླེགས་ཐིག་གྲོལ་ནས་ཤོག་ལྷེ་རེ་རེ་བཞིན་བཀླག་མ་སོང་བ་ནི་སྐྱེས་ཆེན་དག་གི་ཕངས་འགྱོད་ཡིན་ལ་ང་རང་ཚོའི་ངོ་ཚ་ཡང་ཡིན།

    དཔེ་ཆ་ནི་རིན་གོང་དམའ་ཤོས་ཀྱི་རིན་པོ་ཆེ་རིན་ཐང་བྲལ་བ་དེ་ཡིན། དུ་བ་སྒམ་གཅིག་དང་ཝུ་ཆང་དམ་བུ་འགའི་རིན་དོད་ཀྱིས། སྐྱེས་བུ་ཆེན་པོ་ཞིག་གི་མི་ཚེ་ཧྲིལ་བོའི་བློ་གྲོས་ཀྱི་ཉིང་ཁུ་ཉོ་ཐུབ། གཅན་གཟན་གྱི་པགས་པ་དང་རྡོ་བ་སོགས་རིན་པོ་ཆེའི་རྒྱན་ཆ་རུ་ངོས་བཟུང་ནས་མི་ཚེའི་ཡོང་འབབ་མཐའ་དག་དེ་ལ་བསྟིམ་མཁན་ནི་རྣམ་དཔྱོད་ཅན་གྱི་སྐྱེས་ཆེན་ཚོའི་དོ་ཟླ་མིན།

    དཔེ་ཆ་ཀློག་པ་ནི་སྟོབས་འབྱོར་ཞིག་མིན་ནའང་། དེ་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན། དཔེ་ཆ་ཀློག་པ་ནི་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་ནའང་། དཔེ་ཀློག་པའི་ནང་སེམས་ནི་ངོ་མཚར་བའི་ཕུན་ཚོགས་ཀྱིས་རབ་ཏུ་ཕྱུག་ཡོད། དཔེ་ཆ་ཀློག་པ་ནི་ཚེ་སྲོག་གཞན་ཞིག་ལ་སེམས་དང་སེམས་ཀྱིས་བགྲོ་གླེང་བྱེད་པ་སྟེ། དཔེ་ཆའི་ཤོག་སྲུབས་རེ་རེ་ན་འཇིག་རྟེན་གཞན་ཞིག་གི་སྒོ་གླེགས་འབྱེད་བྱེད་ཀྱི་ལྡེ་མིག་རུམ་ཡོད།

    དཔེ་ཆ་ཀློག་པ་ནི་འགན་འཁྲི་ཞིག་མ་རེད། དེ་ནི་ཁེ་དབང་ཞིག་རེད། བདེ་ཐང་མ་ཡིན་པའི་དུས་རབས་ཤིག་གི་ནང་དུ། དཔེ་ཆ་རེ་འགའ་ཞིག་ལ་ང་ཚོས་ལྐོག་ལྟ་ཙམ་ཡང་བྱེད་དཀའ་ཞིང་། དཔེ་ཆ་རེ་འགའ་ཞིག་ནི་མི་འདོད་བཙན་གྱིས་བློ་ལ་སྐྱོར་དགོས། ཡིན་ནའང་། ང་ཚོ་མི་རེ་རེར་དཔེ་ཆ་གང་ཞིག་ཀློག་པ་དང་གང་ཞིག་མི་བཀླག་པའི་ཁེ་དབང་མངའ་བས། དཔེ་ཆ་བཀླགས་པ་ནི་ང་ཚོས་རང་ཉིད་ཀྱི་ཁེ་དབང་ལོངས་སུ་སྤྱད་པ་ཡིན།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།