logo དམངས་སྲོལ་རིག་གནས། ཞིབ་ཕྲའི་གནས་གནས་ཚུལ།

ཚ་གསུར་ངོ་སྤྲོད།

2018-04-10 09:17 རྩོམ་པ་པོ།:ལྕང་སྐྱ་དགེ་འདུན་བཀྲ་ཤིས།

1.ཚ་གསུར་ལ་ནང་ཆོས་ཀྱི་ཁུངས་ཡོད་མེད།

      བསྟན་དར་ལྷ་རམས་པས།  ཚ་གསུར་གྱི་ཁུངས་ལ།  རྒྱུད་སྡེ་ཉེར་སྤྱོད་ཀྱི་ནང་གི་བདུག་སྤོས་ཕུལ་བའི་ཚིག་ཇི་སྙེད་དང་།  འདོད་ཡོན་ལྔའི་དྲི་ཕུལ་བའི་ཚིག་ཇི་སྙེད་འདྲེན་ཡང་།  ཚེ་འཕོས་པ་ཇི་ལྟར་འགྱུར་བའི་མདོ་ལས།  ཚེ་འཕོས་པ་སྐྱེས་པ་མ་བླངས་པར།  གཤིན་རྗེ་འཇིག་རྟེན་དུ་ཡོད་ན།  བཟའ་བཏུང་དང་།  བཞོན་པ་དང་།  གོས་དང་།  རྒྱན་དག་བདག་པོར་བྱེད་པ་མ་ཡིན་ནོ།།  ཞེས་སོགས་ལ་གཏུགས་ནས།  བུ་སྟོན་དང་རྒྱལ་དབང་ལྔ་བས་ཚ་གསུར་ལ་ཁུངས་ལུང་མེད་པར་བཤད་ཡོད་ལ།  གང་ལྟར།   བར་དོ་ལ་ཕན་མི་ཕན་གྱི་ཆ་ནས་བཤད་ན།  འཇིག་རྟེན་རང་ག་བས་དུར་ཐོག་ཏུ་བཟའ་བཏུང་བཞག་ནས།  གཤིན་པོར་འཐོབ་པའི་རེ་བ་རྒྱག་པ་ནི།   དེ་འདྲར་ཡིན་འགྲོ་ཡང་།  སྔགས་དང་ཏིང་འཛིན།  ཕྱག་རྒྱ་སོགས་ནུས་མཐུ་བསམ་གྱིས་མི་ཁྱབ་པས་ཟིན་ན།  བར་དོ་བར་ཕན་ཞེས་མཁས་པ་མང་བོས་ཞིབ་ཆ་བཞག་ཡོད་དོ།།

2.ཚ་གསུར་གྱི་སྣོད།

     ཚ་གསུར་གྱི་སྣོད་ལ་གས་ཆག་མེད་པ།  ལག་པ་དང་ཅ་དངོས་མ་ཁྲུས་པ།  ཚེ་འདས་ཀྱིས་ཟས་ལྷག་དང་གོས་རྙིང་།  ཤ་ཆང་སྒོག་ཙོང་གིས་མ་སྦགས་པ།  འོད་ཅན་སོགས་མི་རུང་ལ།   དེང་སང་སྣོད་གཅིག་མ་གཏོགས་མང་དུ་བཤམས་པའི་སྲོལ་མེད་ཀྱང་།  དམིགས་རྣམ་གྱི་སྐབས་སུ་མགྲོན་ཚན་རེ་རེ་ལ་སྣོད་རེ་རེ་བསྐྱེད་དགོས་པར་ཡང་གསུངས་སོ།།

3.ཚ་གསུར་གྱི་རྫས།

     ལོངས་སུ་མ་སྤྱད་པའི་ཟས་སྣ་གང་བཟང་།  དར་གོས་སྣ་ཚོགས།  འབྲུ་སྣ།  རིན་ཆེན་གྱི་ཕྱེ་མ།  མར་ཁུས་སྦགས་པའི་རྩམ་པ།  ཤིང་ཏོག་སྣ་ཚོགས།  དཀར་གསུམ་མངར་གསུམ།  བདུད་རྩིའི་ཕུར་མ་རྣམས།  རྡོ་སོལ་སོགས་དྲི་ངན་ཅན་གྱི་མེ་མ་ཡིན་པར།  མེ་ཐལ་འཇམ་པོ་ལ་བཏབ་སྟེ།  ཆུ་གཙང་གིས་བྲན་དགོས་སོ།།

4.ཚ་གསུར་གཏོང་ཡུལ།

     ཚ་གསུར་གྱི་མགྲོན་ལ་བཞི་སྟེ། ༡.དཀོན་མཆོག་སྲི་ཞུའི་མགྲོན་དུ་སྤྱན་དྲངས་ཏེ།  མཆོག་ཐུན་གྱི་དངོས་གྲུབ་ཞུ་བ་དང་།༢.ཡི་དམ་ཆོས་སྐྱོང་ཡོན་ཏན་གྱི་མགྲོན་དུ་སྤྱན་དྲངས་ཏེ། བར་ཆད་སེལ་བ་དང་།༣.རིགས་དྲུག་སྙིང་རྗེའི་མགྲོན་དུ་སྤྱན་དྲངས་ཏེ།སྦྱིན་པ་གཏོང་བ་དང་།  ༤.གདོན་བགེགས་འབྱུང་བོ་རྣམས་སྡིག་སྒྲིབ་བྱང་ཕྱིར་སྤྱན་དྲངས་ཏེ། ལན་ཆགས་བུ་ལོན་བྱང་བའི་དམིགས་པ་མཛད་དགོས་སོ།།

     ཁྱད་པར་དུ།  མཛོད་ལས།  དྲི་ཟ་སེམས་ཅན་བར་མའོ།།  གསུངས་པ་ལྟར།  པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས།  ཁྱད་པར་ཁ་སང་དེ་རིང་བར།། བསད་ལྕེབས་ཤི་ནས་སྔ་ལུས་བོར།། ཕྱི་ལུས་མ་རྙེད་བར་དོ་ཡི།། ཇི་སྙེད་སེམས་ཅན་ཐམས་ཅད་ལ།། ཞེས་པ་ལྟར།  ཚ་གསུར་འདི་བར་དོ་བར་ཆེད་དམིགས་བྱས་ཡོད་དོ།།

5.ཚ་གསུར་གྱི་ཕན་ཡོན།

     ཚ་གསུར་བཏང་བས། ཟ་འདྲེ་འབྱུང་བོ་དང་། གཅན་གཟན་བྱི་བ་སོགས་ཀྱི་གནོད་པ་སེལ། འཆི་བ་བསླུ་ཞིང་ནད་གདོན་བྲལ། ལན་ཆགས་བུ་ལོན་བྱང་ཞིང་བར་ཆད་སེལ།  མཐུན་རྐྱེན་འཕེལ་ལ་སྦྱིན་པའི་ཚོགས་རྫོགས། ཁྱད་པར་དུ། བར་དོ་བ་རྣམས་ཆོ་ག་བྱེད་སར་འོང་ནས།  རང་ལ་བསྔོས་པའི་ཚ་གསུར་གྱི་དྲི་དང་གྲོགས་སོགས་ལ་རྨི་ལམ་རྨིས་པ་བཞིན་དུ་ལོངས་སྤྱོད་པར་ཆོས་མངོན་པ་ལས་གསུངས་པ་དང་། ད་དུང་གསུང་རྒྱུན་ལ། དགྲ་བཅོམ་པ་ལྔ་བརྒྱར་ཞལ་ཟས་དྲངས་པ་དང་།  ཚ་གསུར་བཏང་བའི་ཕན་ཡོན་མཉམ་པར་གསུངས་སོ།།



ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།