logo སྐྱེ་ཁམས་ཁོར་སྲུང་། ཞིབ་ཕྲའི་གནས་གནས་ཚུལ།

ད་ཆ་ནག་ཆུ་ནི“རྒྱལ་ཡོངས་སུ་ལྗོན་ཤིང་མེད་པའི་གྲོང་ཁྱེར་གཅིག་པུ”དེ་མིན།

2018-04-09 15:37བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།:

    ནག་ཆུ་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། འཁྱགས་སའི་བང་རིམ་འཐུག་པ་དང་། རླུང་ཤུགས་ཆེ་ལ་གནམ་གཤིས་གྲང་བའི་ཁར་ལོ་ལྟར་ཉིན་100ཡི་དུས་ཚོད་ནང་ལྷག་པ་ཆེན་པོ་རྒྱག་གི་ཡོད། རྩི་ཤིང་སྐྱེས་པའི་དུས་ཡུན་ཉིན་100ཙམ་ལས་མེད་པ་དང་། ལོ་ལྟར་ཟླ་10པ་ནས་ཕྱི་ལོའི་ཟླ་5པ་བར་ནི་གངས་རླུང་ལྡང་བ་དང་ས་རྒྱུ་འཁྱགས་པའི་དུས་ཡིན་པས་ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ནི“རྒྱལ་ཡོངས་ཀྱི་ལྗོན་ཤིང་མེད་པའི་གྲོང་ཁྱེར་གཅིག་པུ”དེ་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་། སྔོ་ལྗང་ལྗོན་ཤིང་འདེབས་པའི་ལས་དོན་ཏན་ཏིག་སྤེལ་ཆེད། ཀྲུང་དབྱང་ནས་རང་སྐྱོང་ལྗོངས་བར་དང་། རང་སྐྱོང་ལྗོངས་ནས་ནག་ཆུ་ས་ཁུལ་བར་གྱི་རིམ་ཁག་འགོ་ཁྲིད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་ཡོད།

    “ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ས་བབ་མཐོ་ཚད་སྨི་4500ཡི་གནས་སུ་འཚོ་སྡོད་བྱེད་བཞིན་པ་དང་། མི་རབས་ནས་མི་རབས་བར་ཁྱིམ་གྱི་སྒོ་འགྲམ་ནས་ལྗོན་ཤིང་གཅིག་ཀྱང་མཐོང་མྱོང་མེད་པའི་བོད་བྱང་ཐང་གི་མི་རིགས་ཁག་གི་མི་དམངས་རྣམས་ཐུགས་སུ་འཇོག་གནང་གི་ཡོད།

    “ནག་ཆུས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ནགས་ལས་ལས་དོན་ཐད་བཏོན་གནང་བའི“མཐོ་གྲང་ས་ཁུལ་དུ་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱེད་དགོས་པའི”མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད། ནག་ཆུ་ནགས་ལས་སྡེ་ཚན་དང་དེ་བཞིན་དབྱི་ལི་ཐོན་ཁུངས་ཚོགས་པས་སྔ་རྗེས་སུ་ནག་ཆུའི་མཐོ་གྲང་དང་ས་བབ་མཐོ་ཁུལ་དུ་ཤིང་འཛུགས་ཚོད་འདེབས་ལས་དོན་སྤེལ་བར་གྲུབ་འབྲས་རགས་ཙམ་ཐོབ་ཡོད།

    ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ནག་ཆུ་ས་ཁུལ་གྱིས་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ཧུར་ཐག་སྤེལ་ཞིང་། ལོ་5རིང་རྨོ་བསྐྱུར་ནགས་བཟོ་མུའུ་7200བྱས་པ་དང་། གཙོ་གནད་ས་ཁོངས་སུ་ནགས་བཟོ་མུའུ་8410.7བྱས་པ། སྣོད་བཅུད་འགོག་སྲུང་ནགས་ཚལ་མུའུ་ཁྲི་1.28ལག་བསྟར་བྱས་ཡོད།

    ཉེ་བའི་ལོ་གཉིས་རིང་། ནག་ཆུ་ས་ཁུལ་གྱིས་དབྱི་ལི་ཐོན་ཁུངས་ཚོགས་པས་ནག་ཆུ་གྲོང་རྡལ་གྱི་བྱང་རྒྱུད་ཁུལ་གསར་དུ་མུའུ་1000ཡི་ཤིང་འཛུགས་ཚོད་ལྟའི་དཔེ་སྟོན་རྟེན་གཞི་འདེམས་པའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་མ་དངུལ་སྒོར་ཁྲི་1700བཏང་སྟེ། མུའུ་15ཡོད་པའི་ས་མཐོངས་ཤིང་སོན་གསོ་ཁུལ་དང་མུའུ་450ཡོད་པའི་ཤིང་འཛུགས་ཚོད་ལྟའི་ཁུལ་བསྐྲུན་པ་དང་། ཁྱོན་ལྗོན་ཤིང་རྐང་ཁྲི་7བཏབ་ཡོད་པ་རེད། ཆ་རྐྱེན་འཛོམས་པའི་ས་གནས་ཐད་གཏོགས་ཚན་པ་14ཡི་སྒོ་རའི་ནང་ལྗོན་ཤིང་རྐང་7515བཙུགས་པས་ལས་ཁུངས་ཚན་པ་སྔོ་གྱུར་ཐུབ་པ་མ་ཟད་གྲོང་ཁྱེར་མཛེས་སྡུག་ལྡན་པར་གྱུར་ནས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

    “སླད་ཕྱིན་ནག་ཆུ་འདི་ཉིད་རྒྱལ་ཡོངས་ཀྱི་ལྗོན་ཤིང་མེད་པའི་གྲོང་ཁྱེར་གཅིག་པུ་དེ་མ་རེད”ཅེས་ནག་ཆུ་ས་ཁུལ་ནགས་ལས་ཅུས་ནགས་བཟོ་ཁོའོ་ཡི་ཁོའོ་ཀྲང་ལྷག་དོན་གྱིས་སྤོབས་པ་ཆེན་པོས་དེ་ལྟར་བརྗོད།


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།