logo མཛེས་སྡུག་ཞིང་གྲོང་། ཞིབ་ཕྲའི་གནས་གནས་ཚུལ།

མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་པོ་ལྗོངས་ཁུལ་གྱི་དར་ཐོག་གི་བྱ་འགུལ་སྣ་ཚོགས་གཏན་འགོག་བྱས་པ།

  1.jpg

  དགུན་དུས་ཀྱི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྔར་ལས་སྲུང་སྐྱོབ་དང་འགྲུལ་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་སྔོན། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཡུལ་ཕྱིའི་རོལ་རྩེད་ཁང་དང་ཡུལ་སྐོར་ལས་དོན་ཁང་། ཡུལ་སྐོར་བ་བཅས་ལ་བདེ་འཇགས་བརྡ་སྦྱོར་སྤེལ་ཏེ། མཚོ་སྔོན་པོའི་དར་ཐོག་ནས་རླངས་འཁོར་སྐོར་བ་དང་རྐང་ཐང་ལ་འགྲོ་བ་སོགས་ཀྱི་བྱ་འགུལ་སྣ་ཚོགས་གཏན་འགོག་བྱས།  

  དགུན་དུས་མཚོ་སྔོན་པོའི་དར་ཐོག་ན་ངང་བ་མང་བོ་ཡོད་པས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་དང་བརྙན་ལེན་ལ་དགའ་བའི་བརྙན་ལེན་པ། དར་ཐོག་གི་ངང་བ་ཐག་ཇེ་ཉེར་གཏོང་ཆེད་བརྙན་ལེན་པ་མང་བོ་ཞིག་གིས་ཉེན་ཁ་བརྒྱུད་ནས་བརྙན་ལེན་པ་དང་ལྷག་པར་ཏུ་རླངས་འཁོར་སྐོར་ནས་མཚོ་ཐོག་ལ་འགྲོ་མཁན་ཡང་ཡོད་པས་བདེ་འཇགས་ཀྱི་ཉེན་ཁ་ཧ་ཅང་ཆེ་བ་རེད།  

2.jpg

  གོང་གི་བདེ་འཇགས་ཀྱི་གནད་དོན་དེ་དག་འགོག་སྲུང་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་ཆེད། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་བརྡ་སྦྱོར་སྤེལ།《མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ལྗོངས་ཁུལ་ནས་དགུན་དུས་ཀྱི་ཡུལ་སྐོར་བྱ་འགུལ་སྤེལ་བ་དང་མཚོ་དཀྱིལ་ལ་འགྲོ་བ། རླངས་འཁོར་སྐོར་ནས་མཚོ་ཐོག་ལ་འགྲོ་བ་སོགས་ཀྱི་བྱ་འགུལ་གཏན་འགོག་བྱས། མཚོ་སྔོན་པོ་ལྗོངས་ཁུལ་ནས་མི་མང་བོ་དར་ཐོག་ནས་རྐང་ཐང་ལ་འགྲོ་བའི་བྱ་འགུལ་རྩ་འཛུགས་བྱེད་ན་བྱ་འགུལ་རྩ་འཛུགས་ལག་བསྟར་གྱི་ཇུས་གཞི་དང་ཆེད་ལས་འགན་སྲུང་མཁོ་བསྟུན་མྱུར་སྐྱོབ་ཇུས་གཞི་ཡར་སྤྲོད་དགོས་ལ། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་དཔྱད་ཞིབ་ཐོ་འགོད་བྱ་རྗེས་ད་གཟོད་བྱ་འགུལ་སྤེལ་ཆོག་པ་རེད།  

  གཞན་ད་རུང་མཚོ་སྙིང་ནི་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྐྱོབ་ཁུལ་གྱི་ལྟེ་གནས་ཡིན་པས་སྐྱེ་ཁམས་ཁོར་ཡུག་ཕྱོགས་ནས་གཟབ་ནན་གྱིས་སྲུང་སྐྱོབ་བྱེད་དགོས། མིའི་བྱ་འགུལ་གྱི་ཤུགས་རྐྱེན་ཇེ་ཉུང་ལ་གཏོང་ཆེད་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ཏེ་མིའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཚོགས་པ་དང་མི་སྒེར་གྱིས་རྩ་འཛུགས་བྱས་ཏེ་མཚོ་སྙིང་ལ་རྐང་ཐང་ལ་འགྲོ་མི་ཆོག ངང་བ་ཡོད་སའི་བརླན་སའི་ཉེ་འཁོར་དང་རི་སྐྱེས་སྲོག་ཆགས་ཡོད་ས། འདབ་ཆགས་ཡོད་སར་མི་མེད་གནམ་གྲུས་བརྙན་ལེན་པ་སོགས་ཀྱི་བར་ཆད་དང་མཚོ་སྔོན་པོའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་འགུལ་སྤེལ་མི་ཆོག    


ཡིད་འགུག་ཐད་གཏོང་།

ཡིད་འགུག་སྒྲིག་རིམ།